ཀྲུང་གོའི་བོད་ལྗོངས་དྲ་བ། > དམངས་སྲོལ། > ཚ་ཤོས།

ལོ་རྒྱུས་ཡུན་རིང་ལྡན་པའི་ཨར་ཀའི་ལག་རྩལ།

སྤེལ་དུས 2023-05-12 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།
       བོད་རིགས་མི་དམངས་ནི། བཟོ་རིག་པའི་ཆུ་ཚད་རྩེར་སོན་པ་དང་ལྷག་དོན་དུ་སྲོལ་རྒྱུན་ཨར་པོའི་སྒྱུ་རྩལ་ལ་བྱང་བའི་མི་རིགས་ཤིག་ཡིན་པས། ཕོ་བྲང་པོ་ཏ་ལ་དང་བསམ་ཡས་གཙུག་ལག་ཁང་སོགས་སྲ་ཞིང་བརྟན་ལ་བརྗིད་ཆགས་ཉམས་དགའ་བའི་འཛུགས་སྐྲུན་གྱི་བཀོད་པ་མང་པོ་ལེགས་པར་བཞེངས་ཡོད།
       བོད་ཀྱི་ཁང་པ་མང་པོ་ཞིག་ལོ་ངོ་བརྒྱ་ཕྲག་གི་དྲག་ཆར་རླུང་འཚུབ་ཁྲོད་ཉམས་ཆག་མེད་པར་འགྱིང་ངེར་གནས་པ་ནི། རྒྱ་ཆེ་ལ་གཏིང་ཟབ་པའི་རྩིག་རྨང་གི་རྨང་གཞི་བརྟན་ལ་ས་རྡོའི་རྩིག་པ་ཡང་རྡོ་ཆེན་རྩིག་པ་བརྩེགས་ཡོད། རྡོ་ཆུང་ལྷས་མ་བསླས་ཡོད། ཅེས་པ་ལྟར་རྩིག་རྡོ་ཆེན་པོའི་བར་དུ་ཅབ་ལ་དང་། སྲིབ་ཧྲུག འཇིམ་པ་སོགས་ཚད་དང་མཐུན་པ་བེད་སྤྱོད་ཀྱི་གཞུང་ལུགས་ཆ་ཚང་བ་སྤྱད་པས། སྲ་ཞིང་བརྟན་པའི་ཚད་ནི་འཛམ་གླིང་ཨར་པོའི་ལོ་རྒྱུས་ཐོག་ངོ་མཚར་གྱི་མཛད་རྗེས་ཤིག་རེད་ལ། རང་བྱུང་གི་རྡོ་ཚོན་སྤྱད་པས་རྒྱན་སྤྲོས་ཀྱི་ཚོན་མདངས་ལེགས་ཤིང་ཡུན་རིང་གནས་ཀྱི་ཡོད།
       ཨར་ཀ་ནི་རྡོ་རྣམས་ཞིབ་ཞིབ་བཟོས་རྗེས་ཐོག་ངོས་སུ་བཏིང་ནས་འཇིམ་པ་དང་ལྷན་དུ་ཆུ་གཏོར་བཞིན་དུ་འབོག་ཐོས་ཡུན་རིང་ཅག་ཅག་བཏང་ན། རྡོ་ཧྲུག་དང་འཇིམ་པ་རྣམས་གཞི་གཅིག་ཏུ་འབྲེལ་ནས་མཐར་སེར་ཀ་ཙམ་ཡང་མེད་པར་འཇམ་ཤ་དོད་པོ་ཆགས་ཀྱི་ཡོད། ཨར་ཀ་དག་ཕྱིས་རྒྱག་སྐབས་ལུག་ལྤགས་སོགས་ལ་ཞག་ཚི་ཕྲན་བུ་བྱུགས་ནས་ཟློག་ཕྱིས་བརྒྱབ་ན་མིའི་གཟུགས་བརྙན་རབ་རིབ་མངོན་ཐུབ་པའི་དྭངས་མ་ཆགས་པ་མ་ཟད། དེའི་ཁྱད་ཆོས་ནི་ཐིགས་པ་འགོག་པ་དང་། སྲ་ཞིང་མཁྲེགས་པ། ཐོག་ངོས་ཡང་བ་སོགས་ལས་ཧ་ལམ་ལོ་ངོ་བརྒྱ་ཕྲག་ཕྱིན་རུང་ཟད་སྐྱོན་ཆེན་པོ་ཡོང་གི་མེད།
       ཨར་ཀ་གཅོག་སྐབས་བུ་དང་བུ་མོ་སྟར་པ་ཉིས་སྒྲིག་གིས་ལག་གཡས་སུ་འབོག་ཐོ་འཁྱེར་བ་དང་གཡོན་པས་ཕྱག་རྒྱ་བྱེད་པ། རྐང་པའི་སྟངས་སྟབས་དང་འབོག་ཐོའི་འདེགས་འཇོག་གཅིག་གྱུར་གྱིས་རྒྱབ་མདུན་དུ་ཕྱི་བགྲོད་ནང་བགྲོད་བྱས་ནས་བཅག་བཅག་གཏོང་བ་མ་ཟད། ཁ་ནས་ཀྱང་ལུས་ཀྱི་སྟངས་སྟབས་དང་བསྟུན་ནས་གླུ་གཞས་གཏོང་གི་ཡོད་པས། ངལ་རྩོལ་གྱི་ལས་གཤོགས་ཆེ་ལ་དཀའ་ལས་ཁག་པའི་སྣང་བ་ཆེར་མི་ཡོང་བས། ཕྱི་ནས་ལྟ་མཁན་ཚོར་ཡང་ངལ་རྩོལ་བྱེད་པའི་སྣང་བ་མི་སྟེར་བར་ཧ་ལམ་སྒོར་གཞས་རྒྱག་གི་ཡོད་པ་ལྟར་གླུ་གར་གྱི་འདུ་ཚོགས་ཤིག་ཏུ་མངོན་ནས། རང་ཉིད་ཀྱང་དེར་ཞུགས་འདོད་ཀྱི་འདུན་པ་རང་དབང་མེད་པར་སྐྱེ་ཡི་ཡོད། མདོར་ན་ཨར་ཀའི་སྒྱུ་རྩལ་ནི་ས་ཐོའི་ངོ་མཚར་ཆེ་བའི་ཨར་པོའི་རྣམ་པ་ཞིག་ཡིན་པ་དང་། ཨར་གཞས་ནི་བོད་ཀྱི་གླུ་གར་རྒྱུ་མཚོར་འཁྲུངས་པའི་ཡིད་འོང་པདྨའི་སྡོང་པོ་ཞིག་ཡིན་ནོ།
རྩོམ་སྒྲིག་པ། སྣང་རྡོར།