ཀྲུང་གོའི་བོད་ལྗོངས་དྲ་བ། > དམངས་སྲོལ། > ཚ་ཤོས།

ལོ་ངོ་40རིང་ཁོང་གིས་ཐང་ག་འབྲི་བཞེངས་ཀྱི་ལས་ཀ་གཅིག་པུར་གཞོལ།

སྤེལ་དུས 2023-05-16 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
         ཀྲུང་གོའི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་ཏེ། ཀན་ལྷོའི་བོད་རིགས་ཐང་གའི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་གཅོད་པ་སྐྱབས་ཀྱིས། ལྷ་རིས་པ་ཞིག་ཡིན་པའི་ངོས་ནས་བརྗོད་ན་ཐང་ག་འབྲི་བཞེངས་བྱ་རྒྱུ་ནི་ཉིན་རེའི་འཚོ་བའི་ནང་དོན་ཆ་ཚང་ཞིག་ཡིན།  ཞོགས་པ་ནམ་ལངས་པ་ནས་དགོང་མོ་མ་ཉལ་གོང་བར་ཐང་ག་འབྲི་བའི་སྐོར་ལ་བསམ་བློ་གཏོང་གི་ཡོད་ཅེས་གསུངས།  

         ཐང་ག་ནི་བོད་ཀྱི་རིག་གནས་ཁྲོད་དམིགས་བསལ་གྱི་ཁྱད་ཆོས་ལྡན་པའི་རི་མོའི་སྒྱུ་རྩལ་གྱི་རྣམ་པ་ཞིག་ཡིན་པ་དང་། མི་རིགས་ཀྱི་ཁྱད་ཆོས་མངོན་གསལ་དོད་པོ་དང་ཆོས་ལུགས་ཀྱི་ཁྱད་ཆོས། ཐུན་མོང་མ་ཡིན་པའི་སྒྱུ་རྩལ་གྱི་ཉམས་འགྱུར་བཅས་ལྡན་པ་དང་། དེ་ནི་ཀྲུང་ཧྭ་མི་རིགས་ཀྱི་དམངས་ཁྲོད་སྒྱུ་རྩལ་ཁྲོད་ཧ་ཅང་རྩ་ཆེ་བའི་མངོན་མིན་རིག་གནས་ཤུལ་བཞག་ཅིག་ཡིན་པས་བོད་ཀྱི་ཤེས་བྱ་ཀུན་བཏུས་ཆེན་མོ་ཞེས་བརྗོད་ཀྱི་ཡོད། 
         ཐང་ག་སྤུས་ལེགས་ཤིག་འབྲི་བར་ཟླ་བ་ཁ་ཤས་དང་ཐ་ན་ལོ་འགའ་ཤས་འགོར་གྱི་ཡོད།  སྐྱ་ཐིག་འབྲི་བ་ནས་ཚོན་རྩི་གཏོང་བའི་བར་གོམ་པ་རེ་རེ་དང་སྨྱུ་ཁ་རེ་རེ་བཞིན་སེམས་རྣལ་དུ་ཕབ་ནས་འབྲི་བཞེངས་བྱེད་དགོས་ཀྱི་ཡོད། གཅོད་པ་སྐྱབས་ཀྱིས།  ཐིག་རིས་ཐོག་ནས་སྒྲོ་བཏགས་ཀྱི་གོ་དོན་བྲིས་པའི་རི་མོ་དང་མི་འདྲ་བར་ཐང་ག་ནི་ཧ་ཅང་ཞིབ་ཚགས་པའི་རི་མོའི་སྒྱུ་རྩལ་ཞིག་རེད། དེར་ཞིབ་ཕྲའི་བླང་བྱ་ཧ་ཅང་མཐོ་ཞིང་། ཞིབ་ཚགས་པ་མ་ཟད། ཐིག་རིས་ཐོག་ནས་སྐུ་བརྙན་གྱི་ཉམས་འགྱུར་མཚོན་པར་བྱེད་དགོས་པས་ང་ཚོར་རི་མོ་བས་རི་མོ་འབྲི་བཞེངས་ཀྱི་བརྒྱུད་རིམ་ནང་ངེས་པར་དུ་བློ་རྩེ་གཅིག་ཏུ་གཏོད་དགོས་ཅེས་བརྗོད་པ་རེད། ངོ་སྤྲོད་བྱས་པར་གཞིགས་ན། ཁོང་གིས་དེ་ལྟ་བུའི་རི་མོ་འབྲི་བཞེངས་ཀྱི་ལས་དོན་བསྒྲུབས་ནས་ལོ་བཞི་བཅུ་ལྷག་ཙམ་འདས་ཟིན། 

         གཅོད་པ་སྐྱབས་ཀྱི་ཨ་ཕ་ཡང་ཐང་གའི་རྒྱུན་འཛིན་པ་ཞིག་ཡིན་ཞིང་། ཆུང་དུས་ནས་ཨ་ཕས་ཁོང་ལ་ཐང་ག་རེ་རེའི་གཏམ་རྒྱུད་གླེང་བ་དང་། ཨ་ཕས་འབྲི་བཞེངས་བྱས་པའི་བྲིས་སྐུ་སྤུས་ལེགས་མཐོང་བ་བརྒྱུད་ལོ་ན་ཕྲ་དུས་ནས་གཅོད་པ་སྐྱབས་ཀྱིས་ཀྱང་ཁོང་གི་ཨ་ཕ་དང་མཉམ་དུ་ཐང་ག་འབྲི་བཞེངས་ཀྱི་འགོ་བརྩམས་ཡོད།
         གཅོད་པ་སྐྱབས་ཀྱིས། ངའི་ཨ་ཕས་ང་ལ་རེ་བ་མཐོ་པོ་བཏོན་གནང་གི་ཡོད། ཐོག་མའི་ལོ་ཁ་ཤས་ནང་ང་ལ་ཁོང་གི་བསྔགས་བརྗོད་ཐོབ་མ་བྱུང་བས་ངར་སེམས་སྡུག་ཆེན་པོ་བཟོས་བྱུང་། ངས་རྟག་ཏུ་དཀའ་སྤྱད་འབད་བརྩོན་གྱིས་སྦྱོང་བརྡར་བྱས་ཚེ། ཉིན་ཞིག་ཨ་ཕ་དང་འདྲ་བའི་ཐང་ག་ཡག་པོ་ཞིག་འབྲི་བཞེངས་བྱེད་མཁན་དུ་འགྱུར་རྒྱུའི་རེ་བ་བྱེད་མྱོང་ཞེས་གསུངས་པ་རེད། ཁོ་བོའི་ཨ་ཕས་རང་ཉིད་ལ་རེ་བ་ནན་པོ་བཏོན་པའི་སྐོར་གླེང་སྐབས་གདོང་ལ་འཛུམ་གྱིས་ཁེངས་བཞིན། རྗེས་སུ་ངས་ཨ་ཕས་ཐང་ག་ཉོ་མཁན་གྱི་སྐུ་མགྲོན་ཚོར་ངའི་བུས་བྲིས་པའི་ཐང་ག་ཧ་ཅང་མཛེས་པའི་ཁར། ངས་བྲིས་པ་ལས་ཡག་པ་ཡོད་ཅེས་གསུངས་པ་ཐོས་བྱུང་ལ། ཁོང་ནས་ངས་འབད་བརྩོན་བྱས་པ་དང་ངའི་ནུས་པའང་ཞལ་བཞེས་གནང་བ་ཤེས་དུས་ང་རང་དགའ་ཚོར་ཆེན་པོ་སྐྱེ་བྱུང་ཞེས་གསུངས་པ་རེད། 

         ཐང་གའི་རིག་གནས་ཀྱི་རྒྱུན་འཛིན་པ་ཞིག་ཡིན་པའི་ངོས་ནས། གཅོད་པ་སྐྱབས་ཀྱིས་ཐང་གའི་རིག་གནས་བརྒྱུད་སྤེལ་དང་རྒྱུན་འཛིན་བྱེད་དགོས་ན། ངེས་པར་དུ་ཤེས་ལྡན་པ་གསར་པ་ཟམ་མི་ཆད་པར་གསོ་སྐྱོང་བྱེད་དགོས་པའི་མྱོང་ཚོར་གླེང་། གཅོད་པ་སྐྱབས་ཀྱིས། དེ་སྔ་ང་ཚོས་ཐང་ག་སྦྱོང་སྐབས་ཁྱིམ་རྒྱུད་ནང་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱས་ནས་མི་གཞན་ལ་སློབ་ཀྱི་མེད། ཡིན་ནའང་མི་གཅིག་གི་སྟོབས་ཤུགས་དེ་ཚད་ཡོད་ཡིན། ཐང་གའི་རིག་གནས་ལ་མི་དེ་བས་མང་བས་དགའ་པོ་བྱེད་དགོས་ན་སྔོན་ལ་མི་དེ་བས་མང་བར་སྒྱུ་རྩལ་དེ་ཤེས་སུ་འཇུག་དགོས་ཞེས་གསུངས་པ་རེད།  
         སྤྱི་ལོ་1997ལོར་གཅོད་པ་སྐྱབས་ཀྱིས་སློབ་མ་བསྡུ་ནས་ཐང་ག་འབྲི་སྟངས་བསླབས་ཤིང་། སྔ་རྗེས་སུ་ལྷ་རིས་པ་14གསོ་སྐྱོང་གནང་། སྤྱི་ལོ་2010ལོའི་ཟླ་བརྒྱད་པར་བསང་ཆུ་རྫོང་བླ་བྲང་བྱང་ཆུབ་གླིང་ཚད་ཡོད་འགན་འཁྲི་ཀུང་སི་བཙུགས་ནས་བརྒྱུད་རིམ་ལྡན་པའི་ངང་ཐང་ག་འབྲི་བཞེངས་དང་སློབ་མ་བསྐྱངས་ཏེ་ཐང་ག་འབྲི་བཞེངས་བྱེད་མཁན་30ལྷག་ཙམ་སྔ་རྗེས་སུ་གསོ་སྐྱོང་གནང་བ་དང་ཐང་གའི་རིག་གནས་རྒྱུན་འཛིན་དུ་བཅུག་ཡོད། 
         ཐང་ག་འབྲི་བཞེངས་ཀྱིས་སློབ་མ་ཚོར་ཤུགས་རྐྱེན་ཐེབས་པའི་སྐོར་གླེང་སྐབས། ཁོང་གིས། ཐང་ག་འབྲི་བཞེངས་ཀྱི་བརྒྱུད་རིམ་ནང་ངས་ཁོང་ཚོའི་སེམས་པ་དྭངས་གཙང་དུ་གྱུར་བའི་མྱོང་ཚོར་ཐུབ་བྱུང་།  སློབ་མ་མང་པོ་ཞིག་གི་སློབ་སྦྱོང་གི་སྔ་རྗེས་ཀྱི་བསམ་བློར་འགྱུར་ལྡོག་བྱུང་ནས་དེ་བས་དྭངས་གཙང་དུ་གྱུར་འདུག་ཅེས་གསུངས་པ་རེད། 
         ཐང་གའི་སྒྱུ་རྩལ་ལ་དགའ་པོ་ཡོད་པ་མ་ཟད། གཅོད་པ་སྐྱབས་ཀྱང་སྤྱི་ཕན་བྱ་གཞག་ལ་དགའ་པོ་ཡོད། ཁོང་གི་ངོས་ནས་བརྗོད་ན་ཐང་གའི་ནང་མཛེས་བདེན་བཟང་གསུམ་གྱི་ནུས་པ་བརྒྱུད་སྤྲོད་བྱེད་ཀྱི་ཡོད། ལོ་ངོ་བཞི་བཅུ་ལྷག་ཙམ་རིང་ཐང་གའི་སྒྱུ་རྩལ་གྱི་ཤུགས་རྐྱེན་བཟང་པོ་ཐེབས་ནས་རང་ཉིད་ལ་འཛམ་གླིང་འདི་ཉིད་དེ་བས་མཛེས་སྡུག་ལྡན་པ་ཞིག་ཏུ་འགྱུར་རྒྱུའི་རེ་བ་ཡང་སྐྱེས་ཡོད། ཁོང་གིས་སྔ་རྗེས་སུ་བསང་ཆུ་རྫོང་བླ་བྲང་གྲོང་རྡལ་རྒན་གསོ་ཁང་དང་དཀའ་ངལ་ཡོད་པའི་མང་ཚོགས་སོགས་ལ་འཚམས་འདྲིའི་དངུལ་སྤྲད་ཡོད། 

         སྤྱི་ལོ་2023ལོར་གཅོད་པ་སྐྱབས་ལ་རྒྱལ་ཡོངས་ལྔ་གཅིག་ངལ་རྩོལ་བྱ་དགའ་ཐོབ་པ་རེད། ཁོང་གི་ངོས་ནས་བརྗོད་ན་འདི་ལས་སྤྱི་ཚོགས་ཀྱིས་ཁོང་ལ་ཁས་ལེན་བྱས་པ་མཚོན་པ་དང་། ཁོང་གིས། རིག་གནས་ཀྱིས་རྒྱལ་ཁབ་གཅིག་ལ་དངོས་པོ་མང་པོ་འཁྱེར་ཡོང་ཐུབ། ངས་མུ་མཐུད་དུ་ཐང་ག་རྒྱུན་འཛིན་བྱེད་མཁན་ཡག་པོ་ཞིག་བྱས་ཐོག ཐང་གའི་རིག་གནས་འདི་དར་རྒྱས་གོང་འཕེལ་གཏོང་རྒྱུ་ཡིན་ཞེས་གསུངས་པ་རེད།
རྩོམ་སྒྲིག་པ། སྣང་རྡོར།