དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དམངས་སྲོལ། > གསར་ཤོས།

གྲོ་སོ་ཕྱེ་མར་གྱི་འབུལ་སྲོལ་དང་མཚོན་དོན་ལ་རྒྱུས་མངའ་ཡོད་དམ།

སྤེལ་དུས 2021-01-27 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།
     གྲོ་སོ་ཕྱེ་མར།     
        དེ་ཡང་ཕྱེ་མར་ནི་བོད་རྒྱལ་སྲོང་བཙན་སྒམ་པོའི་དུས་ཙམ་ནས་སྤྱོད་སྲོལ་ཡོད་པས་དེའི་གོང་སྔ་མོ་ཞིག་ལ་དར་ཡོད་པར་མངོན་ཞིང་། སྐབས་དེ་དུས་ད་ལྟ་ལྟ་བུའི་རྒྱས་སྤྲོས་ཡོད་པ་མ་ངེས་ཀྱང་། ད་ལྟ་ཞིང་འབྲོག་ཁུལ་དུ་སྡེར་མའི་ནང་དཀར་གསུམ་མངར་གསུམ་བཏབ་པའི་ཕྱེ་མར་གྱི་སྟེང་དུ་མར་རྡོག་ལྷེབ་ཙམ་འཛུགས་སྲོལ་ཡོད་པ་ལྟ་བུ་མིན་ནམ་སྙམ་ལ།  ད་ལྟའི་རྒྱས་སྤྲོས་ཀྱི་སྲོལ་ནི་རིམ་བཞིན་དར་བ་ཞིག་ཡིན་ནམ་སྙམ།

        ཕྱེ་མར་ནི་བོད་རིགས་ཀྱི་ལོ་གསར་མཚོན་པའི་བཀྲ་ཤིས་པའི་རྟེན་འབྲེལ་གྱི་བྱ་བའི་རིགས་ལ་སྤྱོད་པའི་བྱེད་སྒོའི་ཆ་རྐྱེན་མེད་དུ་མི་རུང་བ་ཞིག་ཀྱང་ཡིན། དཔེར་ན་ཁང་གསོལ་དང་། གཉེན་སྒྲིག བང་གསོལ། སྐྱེས་སྐར་སོགས་རྟེན་འབྲེལ་གྱི་བྱེད་སྒོ་གང་སར་གྲོ་སོ་ཕྱེ་མར་བེད་སྤྱོད་བྱེད་ཅིང་།  གནའ་སྔ་མོ་མི་ཚོས་ལོ་གསར་དང་། རྟེན་འབྲེལ་དགའ་སྟོན་ཁག་ལ་གྲོ་ནས་ཀྱི་སྙེ་མའི་འཆུན་པོ་འབུལ་སྲོལ་ཡོད་པ་དེ་ཕྱིས་རིམ་གྱིས་འཕེལ་རྒྱས་སུ་བཏང་སྟེ།  བསྟན་འཛིན་ཁལ་རུ་ཞེས་པའི་འབོ།  (རྒྱ་མ་ཉི་ཤུ་རྩ་བརྒྱད་ཀྱི་འབོ)གཉིས་སོ་སོར་ཡ་གཅིག་གྲོ་དང་།  ཡ་གཅིག་རྩམ་པས་བཀང་སྟེ་གྲོའི་སྟེང་ཚྭ་རྡོག་དང་། རྩམ་པའི་སྟེང་མར་རྡོག་ལྔའམ་གསུམ་འཇོག་ཅིང་། མི་རེ་རེས་བཏེགས་ནས་རྟེན་འབྲེལ་ཞུ་བའི་སྲོལ་ནས་རིམ་བཞིན་འབོ་ཉིས་སྦྲེལ་བཟོས་པར་ཚོན་རིས་བཀྲ་ཤིས་རྟགས་བརྒྱད་དམ།  བཀྲ་ཤིས་རྫས་བརྒྱད།  ནོར་བུ་ཆ་བདུན། རྟགས་བརྒྱད་བུམ་གཟུགས་བཅས་དང་། རི་མོ་བསྡུས་པར་ཡང་། ནོར་བུ་མེ་འབར་དང་།  ནོར་བུ་དགའ་འཁྱིལ་སོགས་རྟེན་འབྲེལ་གྱི་ཚོན་རིས་ཀྱིས་རྣམ་པར་མཛེས་པར་བྱས་ཤིང་། འབོའི་ནང་གཡས་ངོས་གྲོ་ཡོས་བྱུར་ཁེངས་དང་། གཡོན་ངོས་ཕྱེ་མར་བྱུར་ཁེངས་སུ་བླུགས་པའི་སྟེང་།  ཤིང་གི་བྱང་བུར་མར་ཚོན་གྱི་མཐུན་པ་སྤུན་བཞིའམ། ཚེ་རིང་དྲུག་སྐོར།  རྟགས་བརྒྱད་བུམ་གཟུགས་བཅས་དང་། བསྡུས་པར་མེ་ཏོག་དང་། ཉི་ཟླ་མེ་རིས་སོགས་ཀྱི་བརྒྱན་པ་དབུས་སུ་བཙུག་པའི་མཐའ་སྐོར་གྲོ་ཡོས་དང་།  ཕྱེ་མར་གྱི་ཐོག་ཏུ་བཙུག་པའི་གྲོ་སྙེ་ཚོན་སྣ་དང་ལོ་གསར་མེ་ཏོག་གི་མཛེས་པར་བརྒྱན་ཅིང་།  གྲོ་སོ་ཕྱེ་མར་འདི་ལོ་གསར་དང་།  རྟེན་འབྲེལ་གྱི་བཀྲ་ཤིས་དགའ་སྟོན་སོགས་ལ་དགོས་ཤིང་། ལོ་གསར་ལ་མཚོན་ན་གསར་དུ་བཞད་པའི་ལོ་འདིའི་ནང་བགེགས་མེད་བདེ་སྐྱིད་ལྡན་ཞིང་རང་གཞན་འཕྲལ་ཡུན་བདེ་བའི་སྨོན་འདུན་བཟང་པོ་མཚོན་པར་བྱའོ།

        ཕྱེ་མར་དང་ཆང་ཕུད་འབུལ་སྐབས། ལོ་གསར་ཡིན་ན་འབུལ་མཁན་གྱིས་བཀྲ་ཤིས་བདེ་ལེགས་ཞེས་འབུལ་བ་དང་། ལེན་མཁན་གྱིས་བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས། ཨ་མ་བག་གྲོ་སྐུ་ཁམས་བཟང་། གཏན་དུ་བདེ་བ་ཐོབ་པར་ཤོག གོང་ནས་གོང་དུ་འཕེལ་བར་ཤོག་ཞེས་པ་དང་། ལོ་གསར་མིན་པའི་རྟེན་འབྲེལ་བྱེད་སྐབས་ཕྱེ་མར་འབུལ་མཁན་དང་ལེན་མཁན་གཉིས་ཀས་བཀྲ་ཤིས་བདེ་ལེགས་ཞེས་ཞུ་སྲོལ་ཡོད།

        ཕྱེ་མར་འབུལ་བའི་མཚོན་དོན་ནི། བོད་རིགས་ཀྱི་ས་ཁུལ་དུ་ཞིང་འབྲོག་གཉིས་ཀྱི་ཐོན་སྐྱེད་བྱེད་སྒོ་གཙོ་བོར་འཛིན་ཅིང་། ཞིང་པའི་ཐོན་སྐྱེད་ཀྱི་གཙོ་བོའམ་མཆོག་དེ་འབྲུ་རིགས་ཡིན་པ་དང་། བོད་རིགས་ཀྱི་ཟས་རིགས་ཀྱི་གཙོ་བོ་རྩམ་པར་བརྟེན་ཅིང་། དེ་བཞིན་འབྲོག་པའི་ཐོན་སྐྱེད་ཀྱི་གཙོ་བོ་དཀར་ཆུ་ཡིན་ཞིང་དེའི་སྙིང་པོ་མར་ལགས་པས་ཞིང་འབྲོག་གི་ཐོན་ཁུངས་ཀྱི་གཙོ་བོ་རྩམ་པ་དང་མར་ཡིན་པ་དེ་བོད་རིགས་ལ་མེད་དུ་མི་རུང་བའི་ཟས་རིགས་འཚོ་བའི་དགོས་མཁོའི་ནང་ཨང་དང་པོར་གནས་པའི་རྒྱུ་མཚན་ཡོད་པ་བཅས་ཀྱི་རྟེན་འབྲེལ་གྱི་ཐོག་མར་ཁ་ལ་ཕྱེ་མར་ཟ་དགོས་པ་དང་། འབྲུ་རིགས་ནས་ལས་བཙོས་པའི་ཆང་ཕུད་སྟོར་བྱེད་པ་ནི་བོད་རིགས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་རིང་མོ་ཉིད་ནས་གོམས་སྲོལ་དུ་གྱུར་པའོ།
རྩོམ་སྒྲིག་པ། སྣང་རྡོར།