ཀྲུང་གོའི་བོད་ལྗོངས་དྲ་བ། > དམངས་སྲོལ། > གསར་ཤོས།

ཇ་བསྲུབས་མའི་ཕན་ནུས་དགུ།

སྤེལ་དུས 2023-04-07 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།
         མཚོ་བོད་ས་མཐོར་འཚོ་གནས་བྱེད་མཁན་བོད་རིགས་སྤུན་ཟླའི་ངོས་ནས་བརྗོད་ན། ཇ་ནི་ཉིན་གཅིག་ཀྱང་ཁ་འབྲལ་ཐབས་མེད་པའི་བཏུང་བྱ་ཞིག་རེད། གནས་འདིའི་རྒན་དར་གཞོན་གསུམ་ཚང་མར་ཇ་བསྲུབས་མ་འཐུང་བའི་གོམས་གཤིས་ཡོད། 
         འོ་ན་ཇ་བསྲུབས་མར་ཕན་ནུས་གང་འདྲ་ཡོད་ཅེ་ན། ཉེ་ཆར་ཨ་རིའི་ལུས་པོ་བདེ་ཐང་སྐོར་གྱི་དྲ་ཚིགས་Healthyfocus.orgཐོག་ཏུ་ཇ་བསྲུབས་མའི་ཕན་ནུས་9ཕྱོགས་བསྡུས་བྱས་ཡོད་པ་སྟེ།
         གཅིག ལུས་ནུས་གསབ་ཐུབ་པ།
         དུས་ཡུན་རིང་པོ་ཞིག་གི་སྔོན་ནས་མཚོ་བོད་ས་མཐོར་འཚོ་གནས་བྱེད་མཁན་བོད་མི་རྣམས་ཀྱིས་ཞོགས་པར་ཇ་བསྲུབས་མ་བཏུང་ནས་ལུས་ནུས་གསབ་པའི་ལུགས་སྲོལ་ཡོད།  ཇར་ཁཱ་ཧྥེའི་གཞི་རྒྱུ(咖啡因)མང་པོ་ལྡན་པས་ཇ་འཐུང་ན་རིག་པ་གསལ་པོར་འགྱུར་བ་དང་ལུས་ནུས་གསབ་ཐུབ་པའི་ནུས་པ་ལྡན། ད་དུང་ཇ་བསྲུབས་མའི་ཚིལ་གྱིས་ལས་ཀ་དང་སློབ་སྦྱོང་གི་གནོན་ཤུགས་ཇེ་ཡང་དུ་འགྲོ་བར་ཕན་ནུས་ཆེ།
         གཉིས། ཀླད་པའི་བདེ་ཐང་ལ་ཕན་པ།
         ཀུན་གྱིས་ཤེས་གསལ་ལྟར། ལོ་ན་རྒས་པ་དང་བསྟུན་ནས། མི་རྣམས་ཀྱི་རིག་པ་སྐྱོ་རུ་འགྲོ་གི་ཡོད་པ་མ་ཟད། བརྗེད་ངད་ཆེ་བ་དང་བློ་རྩེ་གཅིག་སྒྲིམ་དཀའ་བ། ལ་ལར་ནད་ཡང་འདྲ་མིན་སྣ་ཚོགས་ཕོག་གི་ཡོད། བོད་མི་རྣམས་ཀྱིས་དུས་རྒྱུན་འཐུང་བའི་ཇ་བསྲུབས་མར་དབྱང་འགྱུར་འགོག་པའི་དམིགས་བསལ་གྱི་ནུས་པ་ལྡན་པ་དེས་ནད་རིགས་སྔོན་འགོག་བྱེད་ཐུབ།
         གསུམ། ཟས་འཇུ་བདེ་བ།
         ཇ་བསྲུབས་མས་འཇུ་ནུས་ཞན་པའི་ནད་རྟགས་མང་པོ་ལེགས་བཅོས་བྱེད་ཐུབ་སྟེ། དཔེར་ན། འཇུ་ནུས་ཞན་པ་དང་། དེ་མིན་ཕོ་བར་ཆུ་སྐྱུར་ལངས་ཚད་ཉུང་དུ་གཏོང་བ་དང་ཕོ་བའི་ཆུ་སྐྱུར་བསྐྱར་ལོག་བྱེད་པ་སོགས་ཀྱི་ནད་མང་པོ་བཅོས་ཐུབ། ཞིབ་འཇུག་བྱས་པ་ལྟར་ན། ཇ་བསྲུབས་མས་ད་དུང་ལུས་པོའི་སྙིགས་དོར་གསར་ལེན་ལའང་ཕན་པ་ཡོད།
         བཞི། ཚིལ་ཞག་ཞུ་ཐུབ་པ།
         ཇ་བསྲུབས་མས་ཚིལ་ཞུ་ཐུབ(减脂)ཅེས་ན་ངོ་མཚར་བར་སྣང་མོད། ཡིན་ནའང་ཞིབ་འཇུག་བྱས་པ་ལྟར་ན། ཇ་བསྲུབས་མས་མིའི་ཟས་ཀྱི་དང་ག་ཚོད་འཛིན(控制食欲)བྱེད་པས། ལུས་པོའི་སྟེང་གི་ཚིལ་མང་པོ་ཞུ་ནས་མིའི་ཟུངས་ཤུགས་འཕེལ་གྱི་ཡོད། ཇའི་ནང་དུ་ཁཱ་ཧྥེའི་གཞི་རྒྱུ་ཞེས་པའི་ངར་བསྐྱེད་རྫས་ཤིག་ཡོད་ལ། དེས་སྙིགས་དོར་གསར་ལེན་བྱེད་པས་ལྟོགས་སྣང་ཆེན་པོ་ཡོང་མི་སྲིད། ད་དུང་མར་ནི་ཚིལ་ཁོངས་ཕུན་སུམ་ཚོགས་པའི་ཟས་རིགས་ཤིག་ཡིན་ཏེ། དུས་ཡུན་རིང་པོ་ཞིག་ལ་ལྟོགས་སྣང་མི་འཆར། དེས་ན་ཇ་བསྲུབས་མ་འཐུང་ན་ཟས་ཀྱི་དང་ག་ཚོད་འཛིན་བྱེད་པ་དང་ཚིལ་ཞག་ཞུ་ཐུབ་ཅེས་པ་ནི་གནས་ལུགས་མེད་པ་ཞིག་མིན་ནོ།
         ལྔ། ས་མཐོའི་ནད་སྔོན་འགོག
         ས་བབ་མཐོན་པོར་འཚོ་གནས་བྱེད་མཁན་བོད་མི་རྣམས་ཀྱིས་རྒྱུན་ལྡན་གྱི་འཚོ་བའི་གོམས་གཤིས་ཁྲོད་ནས་ས་མཐོའི་ནད་རིགས་སྔོན་འགོག་བྱེད་པའི་ཐབས་ཤེས་བཙལ་ཡོད། ཇ་བསྲུབས་མ་ནི་ས་མཐོའི་ནད་ལ་ཕན་པ་ཤིན་ཏུ་ཆེ་བའི་འཐུང་བྱ་ཞིག་ཡིན།
         དྲུག པགས་པའི་བདེ་ཐང་ལ་ཕན་པ།
         དགུན་ཁ་གྲང་ངར་ཆེ་དུས་བོད་མི་རྣམས་ཀྱིས་མར་མཆུ་ཏོ་དང་གདོང་ལ་བྱུགས་སྲོལ་ཡོད། མར་ནི་ས་མཐོའི་ཆེས་ཕན་ནུས་ལྡན་པའི་ངོ་གདོང་བདག་སྐྱོང་ཐུབ་པའི་ཤ་གསོས་བྱུགས་རྫས་ཤིག་ཡིན་ལ། ཇ་བསྲུབས་མའི་ནང་དུ་མར་མང་པོ་ཡོད་པས་དེས་ཀྱང་པགས་པ་བརླན་སྲུང་བྱེད་པར་ཕན་ནུས་ཆེན་པོ་ལྡན།
         བདུན། སྙིང་ཁམས་ཀྱི་བདེ་ཐང་ལ་ཕན་པ།
         མི་མང་པོ་ཞིག་གིས་མར་ཟས་དྲགས་ན་མཁྲིས་རྒྱུ་གཤེར་རྩི(胆固醇)མང་དུ་འགྲོ་བར་བསམ་གྱི་ཡོད། མཁྲིས་རྒྱུ་གཤེར་རྩི་མང་དུ་གྱུར་ཚེ་སྙིང་ནད་ཕོག་པའི་ཉེན་ཁ་ཆེ། ཡིན་ནའང་བསམ་ཡུལ་ལས་འདས་པ་ཞིག་ལ་ཇ་བསྲུབས་མའི་ནང་དུ་བདེ་ཐང་ཅན་གྱི་སྣུམ་སྒྱུར་ཕལ་པ(亚油酸)མང་པོ་ཡོད་པས། དེས་མཁྲིས་རྒྱུ་གཤེར་རྩིའི་འདུས་ཚད་དམའ་རུ་གཏོང་ཐུབ་པས་སྙིང་ཁམས་བདེ་ཐང་ལ་གནོད་པ་མེད། མིག་སྔར། ཇ་བསྲུབས་མ་འཐུང་ན་ཐད་ཀར་མིའི་སྙིང་ཁམས་བདེ་ཐང་ལ་ཕན་པ་ཡོད་པ་ཤེས་རྟོགས་བྱུང་མེད་ཀྱང་། བོད་རིགས་ས་ཁུལ་དུ་སྙིང་ནད་ཡོད་པའི་མི་གྲངས་དེ་ནུབ་ཕྱོགས་རྒྱལ་ཁབ་དང་བསྡུར་ན་ཧ་ཅང་ཉུང་ཉུང་རེད།
         བརྒྱད། གཅིན་སྙིའི་ནད་སྔོན་འགོག
         ཇ་བསྲུབས་མའི་ནང་གི་ཉིང་མེར་སྐྱུར(柠檬酸)གྱིས་ཁྲག་མངར་ཚོད་འཛིན་བྱེད་ཐུབ་པས་གཅིན་སྙིའི་ནད་ཕོག་མཁན་རྣམས་ལ་ཕན་པ་ཆེ།
         དགུ ནད་ཡམས་སྔོན་འགོག་གི་ནུས་པ་ཆེ་རུ་འགྲོ་བ། 
         ཇ་བསྲུབས་མའི་ནང་དུ་དབྱང་འགྱུར་འགོག་རྫས་དང་བདེ་ཐང་ལ་ཕན་པའི་གཞི་རྒྱུ་མང་པོ་ཡོད། གཞི་རྒྱུ་དེ་དག་གིས་ནད་ཡམས་སྔོན་འགོག་གི་ནུས་པ་ཆེ་རུ་འགྲོ་སྲིད། 
         བོད་ཇ་ནི་སྐོམ་པ་སེལ་བྱེད་ཀྱི་འཐུང་བྱ་ཙམ་མིན་པར། བོད་རིགས་ཀྱི་ཟ་བཏུང་གྲུབ་ཆ་གཙོ་བོ་ཞིག་ཏུ་གྱུར་ཡོད་པ་དང་། བོད་རིགས་ཀྱིས་ཇའི་རིག་གནས་དེ་གདམ་གསེས་དང་། བསྡུ་ལེན། ཁྱབ་སྤེལ། འཕེལ་རྒྱས་བཅས་བརྒྱུད། དེའི་ཕན་ཡོན་ཤེས་རྟོགས་དང་རིན་ཐང་གི་བསམ་ཕྱོགས་སོགས་ལ་མི་རིགས་དང་ས་གནས་ཀྱི་ཁྱད་ཆོས་ཆེན་པོ་ལྡན་ཡོད།
རྩོམ་སྒྲིག་པ། སྣང་རྡོར།