ཀྲུང་གོའི་བོད་ལྗོངས་དྲ་བ། > དམངས་སྲོལ། > གསར་ཤོས།

དཔྱིད་དུས་མཐོ་སྒང་གི་རེ་བཞག་གསར་པ།

སྤེལ་དུས 2023-04-27 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ།
         སྨོན་འདུན་སྟོང་གི་ཁ་གཡང་དང་འགྲོགས་ནས་རྩམ་པ་མཁའ་རུ་གཏོར་བ་དང་། སྐད་ངག་གི་འགྱུར་ཁུགས་ཁྲོད་ནས་གྲོང་མོ་ཆེ་སྡེ་བའི་གནའ་བོའི་སྲོལ་རྒྱུན་མ་དོར་བའི་དེང་གི་རྩམ་མཆོད་དུས་ཆེན་གྱི་མགོ་བརྩམས་ལ། འདིས་མཐོ་སྒང་གི་དཔྱིད་ཀའི་རྨོ་འདེབས་དངོས་སུ་མགོ་བརྩམས་པའང་མཚོན་ཡོད།
         གྲོང་མོ་ཆེ་སྡེ་བ་ནི་མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཁྲི་འདུ་རྫོང་དགའ་བསྟོད་ཤང་དུ་ཆགས་ཤིང་། ཆ་སྙོམས་ཀྱི་ས་བབ་སྨི4000ལ་ཉེ་བ་དང་། དཔེར་མཚོན་རང་བཞིན་ལྡན་པའི་མཚོ་བོད་མཐོ་སྒང་གི་བོད་ལུགས་སྡེ་བ་ཞིག་ཡིན།
         ས་བབ་མཐོ་བ་དང་ནམ་ཟླ་འཁྱག་པས་ས་ཁུལ་གཞན་དག་གི་དཔྱིད་འདེབས་དང་མི་འདྲ་བར། གྲོང་མོ་ཆེ་སྡེ་བའི་དཔྱིད་ཀ་ནི་ནམ་ཡང་འཕྱི་དྲགས་པས་མི་རྣམས་ཀྱིས་དཔྱིད་ཀའི་རྨོ་འདེབས་ལ་དེ་བས་གཅེས་སྤྲས་བྱེད་པ་ཡིན། 
         ལོ་རེའི་བོད་ལུགས་ཀྱི་ཟླ2པའི་ཚེས22ཉིན་ལ་གྲོང་མོ་ཆེ་སྡེ་བའི་རྒན་གཞོན་ཀུན་གྱིས་ལུས་ལ་མི་རིགས་ཀྱི་རྒྱན་གོས་གྱོན་ནས་སྨོན་འདུན་མཛད་སྒོ་འཚོགས་པ་ཡིན་ཞིང་། ལོ་གསར་པའི་ནང་སྡེ་བར་ཕྱུགས་ལ་གོད་ཁ་མེད་པ་དང་ཞིང་ལ་ལོ་ལེགས་ཡོང་བའི་སྨོན་འདུན་ཞུ་བ་ཡིན།
         ནས་ནི་མཚོ་བོད་མཐོ་སྒང་གི་ལོ་ཏོག་གཙོ་བོ་ཡིན་ཞིང་། མཚོ་སྔོན་དང་བོད་ལྗོངས། སི་ཁྲོན་སོགས་ས་ཁུལ་དུ་ཐོན་སྐྱེད་བྱེད་པ་ཡིན། རྩམ་པ་ནི་ནས་འཐག་ནས་བྱུང་བ་ཡིན་ཞིང་མཚོ་བོད་མཐོ་སྒང་དུ་འཚོ་སྡོད་བྱེད་པའི་བོད་རིགས་མི་དམངས་ཀྱི་ཟས་རིགས་གཙོ་བོའང་ཡིན།
         གྲོང་མོ་ཆེ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཉི་མ་རྒྱལ་མཚན་གྱིས་བཤད་རྒྱུར། གྲོང་མོ་ཆེ་སྡེ་བས་ལོ་རེར་མུའུ1500ལྷག་ལ་ནས་འདེབས་བཞིན་ཡོད་པ་དང་། སྡེ་བའི་ཐུན་མོང་དཔལ་འབྱོར་མཉམ་ལས་ཁང་གིས་འགན་ཁུར་ཏེ་གཅིག་གྱུར་ངང་རྨོ་འདེབས་བྱེད་པ་ཡིན། “ད་ལྟ་སྡེ་བ་ཡོངས་ཀྱི་ནས་བརྔ་བསྡུ་ནི་འཕྲུལ་ཆས་ཅན་དུ་མངོན་འགྱུར་བྱས་ཡོད་ལ། རྫོང་གིས་ད་རུང་ཞིང་ལས་ལག་རྩལ་ཆེད་མཁས་མངགས་ནས་མཛུབ་སྟོན་བྱེད་བཞིན་ཡོད་པས། ནས་རྨོ་འདེབས་བྱེད་པར་སྔར་ལས་སྟབས་བདེ་རུ་གྱུར་ཡོད”ཟེར། 
         རྨོ་འདེབས་མཛད་སྒོ་ནི་མཐོ་སྒང་གི་དུས་ཆེན་ཞིག་དང་འདྲ་བར། སྐྱེས་པ་ན་གཞོན་རྣམས་ཀྱིས་ལག་ལ་དར་ཆ་བཟུང་ཞིང་སྐྱེས་མ་རྣམས་ཀྱིས་རྩམ་པ་འཁྱེར་ལ། བྱིས་པ་རྣམས་ཀྱིས་རྩམ་མཆོད་གླུ་དབྱངས་ལེན་པ་ཡིན། ཉི་ཟེར་འཇམ་པོའི་འོག མི་རེའི་གདོང་ལ་དགའ་སྐྱིད་ཀྱིས་མཛུམ་མདངས་རྒྱས་ཤིང་། ཚོན་མདངས་རྣམ་པར་བཀྲ་བའི་གྱོན་ཆས་ནི་མིག་གི་དགའ་སྟོན་དུ་གྱུར་ཡོད། 
         མི་རིགས་ཀྱི་ངོ་མཚར་བའི་གླུ་གར་འཁྲབ་སྟོན་ཁྲོད། མི་རྣམས་ཀྱིས་ཕན་ཚུན་གྱི་གདོང་ལ་རྩམ་པ་གཏོར་ལ། རེ་ཞིག་ལ་ཐང་ཆེན་ནི་དགའ་སྤྲོའི་མཛུམ་མདངས་དང་ལྷག་བསམ་གྱི་སྨོན་འདུན་གྱིས་ཁེངས་ཡོད། ལོ་གསར་པའི་དཔྱིད་ཀའི་རྨོ་འདེབས་མགོ་ཚུགས་ཤིང་། ལས་ལ་བརྩོན་པའི་ཞིང་པས་དགའ་སྐྱིད་ངང་ལོ་ཏོག་གི་ས་བོན་བཏབ་པར་མ་ཟད། མཛེས་སྡུག་འཚོ་བའི་རེ་བཞག་གསར་པའང་སེམས་ཀྱི་གཏིང་སར་ཉར་ཡོད།  །





རྩོམ་སྒྲིག་པ། སྣང་རྡོར།