ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག

ཞི་ཅིན་ཕིང་ནང་སོག་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་པ།

སྤེལ་དུས 2022-03-08 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།
            ཟླ་3ཚེས་5ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་ལྔ་པའི་ནང་སོག་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་པ།
            ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་5ཉིན་གློག་འཕྲིན་འབྱོར་གསལ། ཚེས་5ཉིན་གྱི་ཕྱི་དྲོ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ཁོངས་གཏོགས་ཀྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་ལྔ་པའི་ནང་སོག་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས། མི་རིགས་མཐུན་སྒྲིལ་ནི་རང་རྒྱལ་གྱི་མི་རིགས་ཁག་གི་མི་དམངས་ཀྱི་སྲོག་རྩ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ནི་མི་རིགས་མཐུན་སྒྲིལ་གྱི་རྩ་བ་ཡིན། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པའི་གཙོ་རྐང་དེར་དམ་འཛིན་ལྷོད་མེད་བྱེད་པར་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ་གཏིང་ཟབ་སྤེལ་བ་དང་། མི་རིགས་ཁག་གི་མང་ཚོགས་ཚོར་སྐྱིད་སྡུག་མཉམ་མྱོང་དང་། གཟི་ཁྲེལ་མཉམ་འཁུར། འཆི་གསོན་མཉམ་གནས། ལས་དབང་གཅིག་སྦྲེལ་བཅས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུའི་ཁྲིད་སྟོན་བྱེད་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་བསམ་བློའི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་གཏོང་བ། ཀྲུང་ཧྭ་མི་རིགས་ཁྱིམ་ཚང་ཆེན་པོའི་ནང་མི་རིགས་ཁག་སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་སྒྲིལ་བར་སྐུལ་འདེད་གཏོང་བ། ཐུན་མོང་ཐོག་རླབས་ཆེན་མེས་རྒྱལ་འཛུགས་སྐྲུན་བྱེད་པ། ཐུན་མོང་ཐོག་བདེ་སྐྱིད་ལྡན་པའི་འཚོ་བ་གཏོད་པ་བཅས་བྱས་ནས། བརྟན་ལྷིང་དང་སྐྱོན་བྲལ་གྱི་དཔལ་འབྱོར་ཁོར་ཡུག་དང་། རྒྱལ་དར་དམངས་བདེའི་སྤྱི་ཚོགས་ཁོར་ཡུག སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཁོར་ཡུག་བཅས་ནུས་ཤུགས་ཡོད་རྒུས་རྒྱུན་འཁྱོངས་བྱས་ཏེ། བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས་པའི་ནན་བཤད་གནང་བ་རེད།
            ནང་སོག་འཐུས་མི་ཚོགས་པའི་གྲོས་ཞིབ་ཚ་ཚ་འུར་འུར་དང་རྣམ་པ་འཁྲུག་ཆ་དོད་པོ་ཡོད་ཅིང་། ཀྲང་ལེ་དང་། ཀུའོ་གཡན་ལིན། ཅ་རུན་ཨན། ཝང་ཞའོ་ཧུང་། ཧྥེང་གཡན་ལེ། ཀྲའོ་ཧུའེ་ཅེ། ཧྲི་ཡུས་ཏུང་བཅས་འཐུས་མི་7གྱིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ་དང་། རྩྭ་ཐང་གི་སྐྱེ་ཁམས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། རྡོ་སོལ་རྫས་འགྱུར་བཟོ་ལས་ཐོན་ལས་ཀྱིས་ཐཱན་ཚད་མཐོ་ཤོས་དང་ཐཱན་ཚད་སྙོམ་སྦྱོར་མངོན་འགྱུར་ཡོང་བར་རམ་འདེགས་བྱེད་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་དེ་སློབ་གཉེར་སློབ་སྐྱོང་དང་དཔེ་ཁྲིད་མི་སྐྱོང་གི་བརྒྱུད་རིམ་ཧྲིལ་པོར་མཉམ་འདྲེས་ཐུབ་པར་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་ལ་འཇིག་རྟེན་འཕུར་སྐྱོད་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་བ། གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བ། མི་རིགས་ཀྱི་དཀར་ཆུའི་ལས་རིགས་དར་སྤེལ་གཏོང་བ་སོགས་ཀྱི་གནད་དོན་ཐད་གཏམ་བཤད་གནང་བ་དང་། ཞི་ཅིན་ཕིང་གིས་སྐབས་སྐབས་སུ་བཀའ་མོལ་དང་བཀའ་འདྲི་ཡང་ཡང་གནང་བ་དང་འབྲེལ་ཟིན་བྲིས་ཀྱང་བསྐྱོན་པ་རེད།
            ཞི་ཅིན་ཕིང་གིས་ཚང་མའི་གཏམ་བཤད་ནན་ཏན་ངང་གསན་རྗེས་གཏམ་བཤད་གནང་ཞིང་། ཁོང་གིས་དང་ཐོག་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་རྦད་དེ་མོས་མཐུན་ཡོད་ཅེས་གསུངས་པ་དང་ཆབས་ཅིག ལོ་གཅིག་རིང་གི་ནང་སོག་གི་ལས་དོན་ལ་ཁས་ལེན་གང་ལེགས་གནང་བ་དང་འབྲེལ། ནང་སོག་གི་བློ་མཐུན་ཚོས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་མཐའ་གཅིག་ཏུ་ལག་བསྟར་བྱས་ཏེ། རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ཁག་ལ་སྤྱི་འདོམས་དམ་འཛིན་ཡག་པོ་དང་། སྐྱེ་ཁམས་སྔོན་ལ་འཇོག་པ་དང་སྔོ་ལྗང་འཕེལ་རྒྱས་སྟོན་ཕྱོགས་སུ་བྱས་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུ་གསར་པར་བློ་བརྟན་འགྱུར་མེད་ངང་སྐྱོད་པ། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཀྱི་བདེ་འཇགས་དང་། ནུས་རྒྱུའི་བདེ་འཇགས། འབྲུ་རིགས་ཀྱི་བདེ་འཇགས། ཐོན་ལས་ཀྱི་བདེ་འཇགས་བཅས་སྲུང་སྐྱོང་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་ཏན་ཏིག་སྒྲུབ་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་རྒྱུན་ཆད་མེད་པར་བརྟན་དུ་གཏོང་བ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་གཏིང་ཟབ་གཏོང་བ་བཅས་བྱས་ཏེ། མེས་རྒྱལ་བྱང་རྒྱུད་ཀྱི་མཐའ་མཚམས་མཛེས་ལྗོངས་ཁུལ་དེ་བས་བཀྲག་མདངས་འཚེར་བ་ཞིག་ཏུ་བཏོད་ནས་དུས་རབས་གསར་པའི་ནང་སོག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་རྩོམ་པའི་རེ་བ་ཡོད་ཅེས་གསུངས་པ་རེད།
            ཞི་ཅིན་ཕིང་གིས་མཛུབ་སྟོན་གནང་དོན། རང་རྒྱལ་ནི་གཅིག་གྱུར་གྱི་མི་རིགས་མང་བའི་རྒྱལ་ཁབ་ཅིག་ཡིན་པས། མི་རིགས་ཁག་མཐུན་སྒྲིལ་ཞི་མཐུན་བྱུང་ན་རྒྱལ་ཁབ་དར་རྒྱས་དང་། སྤྱི་ཚོགས་བརྟན་ལྷིང་། མི་དམངས་བདེ་སྐྱིད་བཅས་ཡོང་ཐུབ། དེ་ལས་ལྡོག་ན་རྒྱལ་ཁབ་ཉམས་རྒུད་དུ་འགྲོ་བ་དང་། སྤྱི་ཚོགས་ཟང་ཟིང་ཆགས་པ། མི་དམངས་ལ་ཆག་སྒོ་འཕྲད་ངེས་རེད། ཏང་ཀྲུང་དབྱང་གིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་གྱི་གཙོ་རྐང་དུ་བརྩི་དགོས་པའི་ནན་བཤད་བྱས་པ་ནི། ཀྲུང་ཧྭ་མི་རིགས་མཐུན་སྒྲིལ་ཆེན་པོ་སྲུང་སྐྱོང་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ལ་དམིགས་ནས་བཏོན་པའི་ཐབས་ཇུས་གལ་ཆེན་ཞིག་རེད་ལ། ལོ་རྒྱུས་ཀྱི་ཉམས་མྱོང་དང་བསླབ་བྱར་ཕྱོགས་སྡོམ་གཏིང་ཟབ་བྱས་ནས་ཐོབ་པའི་ཆོད་འདོམས་གལ་ཆེན་ཞིག་ཀྱང་རེད།
            ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ནང་སོག་གི་ད་ཆ་ནི་མི་རིགས་ཁག་གི་མང་ཚོགས་ཀྱིས་ཐུན་མོང་ཐོག་འབད་འཐབ་བྱས་པའི་འབྲས་བུ་ཞིག་ཡིན་པ་དང་། ནང་སོག་གི་འབྱུང་འགྱུར་ལ་མི་རིགས་ཁག་གི་མང་ཚོགས་ཚོས་སྔར་བཞིན་མཐུན་སྒྲིལ་འབད་འཐབ་བྱེད་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་བཙུགས་ནས། མིག་མཐོང་ལག་ཟིན་གྱི་ལས་དོན་སྒྲུབ་དགོས་ལ། “སྐད་གྲགས་མེད་པའི”ལས་དོན་འབོར་ཆེན་ཡང་སྒྲུབ་དགོས། ཀྲུང་ཧྭ་མི་རིགས་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། མི་རིགས་ཁག་དབར་གྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བའི་ལས་དོན་ཁག་ཚང་མ་ཏན་ཏིག་དང་ཞིབ་ཚགས་སྒྲུབ་དགོས་ལ། མཐོང་རྒྱུ་ཡོད་པ་དང་། ཚོར་སྣང་ཡོད་པ། ནུས་པ་ལྡན་པ་བཅས་ཡོང་བར་བྱེད་དགོས། མི་རིགས་ཁག་གི་ལས་བྱེད་པ་ཚོས་ཏང་གི་མི་རིགས་ཀྱི་རིགས་པའི་གཞུང་ལུགས་དང་མི་རིགས་ཀྱི་སྲིད་ཇུས་ཕྱོགས་ཡོངས་ནས་ཤེས་རྟོགས་དང་ལག་བསྟར་བྱས་ཏེ། རང་རྟོགས་ངང་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་སྤྱི་ཡོངས་དང་། ཀྲུང་ཧྭ་མི་རིགས་སྤྱི་ཡོངས་ཀྱི་ཁེ་ཕན་གྱི་མཐོ་ཚད་ནས་གནད་དོན་ལ་བསམ་བློ་གཏོང་བ་དང་། ཐབས་ཇུས་འགོད་པ། ལས་དོན་ལ་དམ་འཛིན་བཅས་བྱེད་དགོས་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པར་ཕན་པའི་ལས་དོན་ཡིན་ཚེ་མང་ཙམ་སྒྲུབ་དགོས་པ་མ་ཟད། གཏིང་ཟབ་དང་། ཞིབ་ཚགས། ཏན་ཏིག་བཅས་ཀྱི་སྒོ་ནས་སྒྲུབ་དགོས་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པར་ཕན་ཐོགས་མེད་པའི་བྱ་བ་ཡིན་ཕྱིན་གཏན་ནས་སྒྲུབ་མི་རུང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པའི་ལས་དོན་གྱི་བླང་བྱ་ལྗོངས་ཡོངས་ཀྱི་ལོ་རྒྱུས་རིག་གནས་དྲིལ་བསྒྲགས་སློབ་གསོ་དང་། སྤྱི་པའི་རིག་གནས་སྒྲིག་བཀོད་འཛུགས་སྐྲུན། གྲོང་ཁྱེར་གྱི་མཚོན་རྟགས་རང་བཞིན་གྱི་སྐྲུན་དངོས་འཛུགས་སྐྲུན། ཡུལ་སྐོར་མཛེས་ལྗོངས་བཤམས་སྟོན་སོགས་འབྲེལ་ཡོད་ཕྱོགས་ལ་ལག་བསྟར་དོན་འཁྱོལ་བྱས་ཏེ། ཀྲུང་ཧྭའི་རིག་གནས་དང་མི་རིགས་དེ་གའི་རིག་གནས་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་ཆེད་བསམ་བློ་དང་རིག་གནས་ཀྱི་རྨང་གཞི་བརྟན་དུ་གཏོང་དགོས།
            ཞི་ཅིན་ཕིང་གིས་མཛུབ་སྟོན་གནང་དོན། ནང་སོག་ནི་མཐའ་མཚམས་མི་རིགས་ས་ཁུལ་ཞིག་ཡིན་པས། མི་རིགས་ཀྱི་མཐུན་སྒྲིལ་དང་མཐའ་མཚམས་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་པའི་ཐད་འགན་འཁྲི་གལ་ཆེན་ཁུར་ཡོད། ཟུར་བལྟས་ལེབ་མཐོང་གིས་སེམས་ཁྲལ་གྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། འཐབ་ཇུས་ཀྱི་བསམ་གཞིག་ཆེ་རུ་གཏོང་བ། མི་རིགས་ལས་དོན་ཁྱབ་ཁོངས་ཀྱི་ཉེན་ཁ་དང་མངོན་མེད་རྐྱེན་ངན་སྣ་ཚོགས་ལ་འགོག་ཟོན་ནུས་ལྡན་བཅས་བྱས་ནས། མེས་རྒྱལ་བྱང་རྒྱུད་མཐའ་མཚམས་ཀྱི་བདེ་འཇགས་དང་བརྟན་ལྷིང་གི་སྲུང་ཡོལ་ཏན་ཏིག་སྐྲུན་དགོས།
            ཞི་ཅིན་ཕིང་གིས་དམིགས་སུ་བཀར་ནས་ནན་བཤད་གནང་དོན། རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་དམ་འཛིན་ཡག་པོ་དང་། རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱ་ཐབས་ཁག་དོན་འཁྱོལ་ཡག་པོ་བྱེད་པ། རྒྱུན་རྣམ་ཅན་གྱི་སྔོན་འགོག་དང་ཚོད་འཛིན་དང་ཐོལ་བྱུང་རིམས་ནད་འཕྲལ་སྡོམ་ཐག་གཅོད་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། འགག་སྒོའི་ས་ཁུལ་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་གཙོ་གནད་མངོན་གསལ་དོད་པོ་ཡོང་བ། རིམས་ནད་གཞི་ཁྱོན་རང་བཞིན་གྱི་སྒོ་ནས་བསྐྱར་ལོག་མི་ཐེབས་པའི་མཐའ་ཚད་བརྟན་པོ་སྲུང་བ་བཅས་བྱེད་དགོས།
རྩོམ་སྒྲིག་པ། སངས་སྐྱབས།