ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག

མཉམ་འབྲེལ་རྒྱལ་ཚོཊ་ཀྱི་འཐུས་མི13ལ་ཧྥ་འགག་སྒོར་རྟོག་ཞིབ་ཕྱིན་འདུག

སྤེལ་དུས 2023-12-13 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།

            ས་གནས་དེ་གའི་དུས་ཚོད་ཟླ12པའི་ཚེས11ཉིན། ཨ་རི་དང་ཧྥ་རན་སེ་ཕུད་པའི་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རྒྱལ་ཁབ13གྱི་འཐུས་མིས་ཨེ་ཅིབ་དང་ཅ་ཧྲ་ཁུལ་མཐའ་མཚམས་ཀྱི་ལ་ཧྥ་འགག་སྒོར་འཚམས་འདྲིར་ཕྱིན་པ་རེད། འཐུས་མི་ཚོགས་པས་འབྲེལ་ཡོད་སྒྲིག་གཞིས་མི་ཆོས་རོགས་སྐྱོར་དང་སྨན་བཅོས་རོགས་སྐྱོབ་བྱས་ཚུལ་དང་དཀའ་ངལ་འཕྲད་ཚུལ་སོགས་ཉན་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་གཞིའི་འགན་འཁུར་བ་དང་བཞུགས་མོལ་བྱས་པ་མ་ཟད། འགག་སྒོ་དང་། མི་ཆོས་དངོས་ཟོག་མཛོད་ཁང་། སྨན་ཁང་། དྭངས་ཆུ་བཟོ་གྲྭ་སོགས་ནས་ཡུལ་དངོས་སུ་རྟོག་ཞིབ་བྱས་པ་རེད།
            ལ་ཧྥ་འགག་སྒོ་ནི་མིག་སྔར་ཕྱི་ཕྱོགས་ནས་ཅ་ཧྲ་ཁུལ་ལ་མི་ཆོས་རོགས་སྐྱོར་དང་འབར་རྫས་མཁོ་འདོན་བྱེད་པའི་བགྲོད་ལམ་གཙོ་བོ་དེ་ཡིན་ཞིང་། འཐུས་མི་ཚོགས་པས“ཅ་ཧྲར་དམིགས་པའི་མི་ཆོས་རིང་ལུགས་ཀྱི་བྱ་སྤྱོད་ལ་དགོས་ངེས་ཆ་རྐྱེན་སྐོར་ཡུལ་དངོས་ནས་ཤེས་རྟོགས་བྱེད་རྩིས”ཡོད་པ་རེད། ལ་ཧྥ་འགག་སྒོར་སྐྱོད་པའི་ལམ་བར་དུ་འཐུས་མི་ཚོགས་པས་ཨེ་ཅིབ་ཀྱི་མཐའ་མཚམས་ཁུལ་ནས་ཅ་ཧྲའི་དུས་བབ་དང་འབྲེལ་བའི་གསར་འགྱུར་གནད་བསྡུས་ཚོགས་འདུར་ཞུགས་པ་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཕ་ལེ་སི་ཐན་གྱི་རྒུད་སྐྱོབ་དང་ལས་གྲྭ་ཁྲུའུ། ཕ་ལེ་སི་ཐན་གྱི་ཟླ་བ་དམར་པོ་ཚོགས་པ། དེ་བཞིན་ཨེ་ཅིབ་འཕྲོད་བསྟེན་པུའུ་བཅས་ཀྱང་གསར་འགྱུར་གནད་བསྡུས་ཚོགས་འདུར་ཞུགས་ཡོད། མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་ཀྲུང་གོའི་འཐུས་མི་ཀྲང་ཅུན་གྱིས། ཨེ་ཅིབ་དང་། ཨ་རབ་མཉམ་འབྲེལ་རྒྱལ་ཁབ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་གཞི་བཅས་ཀྱིས་ཕ་ལེ་སི་ཐན་གྱི་དམངས་ཚོགས་ལ་རོགས་སྐྱོར་ཧུར་ཐག་བྱས་པར་བསྔགས་བརྗོད་བྱས་པ་དང་། ཀྲུང་གོ་ཕྱོགས་ཀྱིས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ནུས་པ་འདོན་སྤེལ་རྒྱུད་མཐུད་གཏོང་དགོས་པར་མ་ཟད། དམག་མཚམས་འཇོག་པ་དང་མི་ཆོས་ཀྱི་ཆོག་འཐུས་རྒྱ་ཆེར་གཏོང་རྒྱུར་ཡང་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བརྗོད། 

           མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་ཀྲུང་གོའི་འཐུས་མི་ཀྲང་ཅུན་གྱིས། དེ་ནི་སྐྱོ་གར་ཞིག་རེད་ལ། སྐྱོ་གར་དེ་ཡུན་རིང་རྒྱུན་མཐུད་བྱས་པས། མི་རྣམས་ཀྱིས་དཀའ་སྡུག་མང་པོ་མྱོང་ཡོད། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ངོས་ནས་བརྗོད་ན། ཞི་བདེ་དང་བདེ་འཇགས་སྲུང་སྐྱོང་བྱ་རྒྱུ་ནི་ང་ཚོའི་འགན་འཁྲི་ཨང་དང་པོ་ཡིན་པ་སྨོས་མི་དགོས་པ་ཞིག་རེད། ང་ཚོས་འབད་བརྩོན་ཆེན་པོ་བྱེད་བཞིན་ཡོད་ལ་ད་དུང་མུ་མཐུད་དུ་འབད་བརྩོན་བྱེད་ངེས་ཡིན་ཞེས་བརྗོད། 
           མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་བཞུགས་རྒྱལ་ཁབ15ཡིས་མིག་སྔར་ཨ་རབ་མཉམ་འབྲེལ་རྒྱལ་ཁབ་ཀྱིས་འཆར་ཟིན་བཀོད་པའི་གྲོས་ཆོད་ལ་གྲོས་བསྡུར་བྱེད་བཞིན་ཡོད་ཅིང་། གྲོས་ཆོད་དེའི་ནང་ཕ་ལེ་སི་ཐན་དང་དབྱི་སི་རལ་ཕྱོགས་གཉིས་ཀྱིས“ཅ་ཧྲ་རུ་སྐྱོད་པའི་སྐམ་མཚོའི་ བགྲོད་ལམ་ཡོད་ཚད་ཐོག་ཏུ་སྤྱོད་ཆོག་པར”རོགས་སྐྱོར་བྱེད་དགོས་པ་མ་ཟད། ཅ་ཧྲ་ཁུལ་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་དོ་དམ་བྱེད་པའི་རོགས་སྐྱོར་ལྟ་སྐུལ་ལམ་སྲོལ་ཞིག་འཛུགས་དགོས་པའི་བླང་བྱ་ཡང་བཏོན་ཡོད་པ་རེད།

 

རྩོམ་སྒྲིག་པ། མང་ག་མཚོ།