ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > སློབ་གསོ་དགའ་ཚལ།

གློ་བའི་འདུས་འདྲིལ་གཅོང་ནད་ཕོག་ཚེ་ཇི་ལྟར་བྱེད་དགོས་སམ།

སྤེལ་དུས 2021-11-23 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།
          འདུས་འདྲིལ་དབྱུག་སྲིན་གྱིས་བསླངས་པའི་དབུགས་ལམ་མ་ལག་གི་འགོ་ནད་ལ་གློ་བའི་འདུས་འདྲིལ་གཅོང་ནད་ཟེར་གྱི་ཡོད།

          འདུས་འདྲིལ་དབྱུག་སྲིན(གློ་བའི་འདུས་འདྲིལ་གཅོང་ནད་ཀྱི་ནད་འབུ་ཕྲ་མཐོང་ཆེ་ཤེལ་འོག་འདི་ལྟར་མཐོང་ཐུབ)
          ད་འོ་ན། གློ་བའི་འདུས་འདྲིལ་གཅོང་ནད་མི་གཞན་ལ་མི་འགོ་བ་ཇི་ལྟར་བྱེད་དགོས་སམ། 
          གློ་བའི་འདུས་འདྲིལ་གཅོང་ནད་ནི་མཁའ་རླུང་བརྒྱུད་ནས་འགོ་བའི་ནད་ཅིག་ཡིན་པས། མི་མང་པོ་འཚོ་གནས་བྱེད་ས་དང་། རླུང་འགྲོ་ཡག་པོ་མེད་པའི་ཁོར་ཡུག་ནང་གློ་བའི་འདུས་འདྲིལ་གཅོང་ནད་འགོ་ཤུགས་ཆེ་བའི་ཁར། གློ་བའི་འདུས་འདྲིལ་གཅོང་ནད་ཕོག་མཁན་གྱིས་གློ་རྒྱག་པ་དང་། ཧབ་ཆི་རྒྱག་པ། གཞས་གཏོང་བ། ཁ་ཆུ་ཐོར་བ་སོགས་བྱས་ཚེ། མི་དེའི་ཁ་ནང་གི་འདུས་འདྲིལ་དབྱུག་སྲིན་དག་མི་གཞན་ལ་འགོ་ཡི་ཡོད།  དེར་བརྟེན། ནད་འདི་མི་གཞན་ལ་མི་འགོ་བ་བྱེད་དགོས་ན། རྒྱུན་གཏན་འཚོ་བའི་ཁྲོད་ཁ་ལུད་སྣ་ལུད་གང་བྱུང་དུ་དབྱུག་རྒྱུ་མེད་ལ། ཁ་ལུད་ཤོག་བུར་བསྒྲིལ་ནས་མེར་སྲེག་དགོས་ཤིང་། སྒོ་དང་སྒེའུ་ཁུང་ཡང་སེ་ཕྱེ་ནས་ཁང་པའི་ནང་རླུང་འགྲོ་ཡག་པོ་ཡོད་པ་བྱེད་དགོས་པ་དང་། མི་གཞན་ལ་ཕྱོགས་ནས་ཧབ་ཆི་རྒྱག་པ་དང་། གློ་རྒྱག་པ་སོགས་བྱེད་རྒྱུ་མེད་ལ་རྒྱུན་དུ་ཁ་རས་རྒྱག་དགོས། 
          གློ་བའི་འདུས་འདྲིལ་གཅོང་ནད་འགོས་ཚེ་ནད་རྟགས་གང་ཞིག་ཐོན་གྱི་ཡོད་དམ། 
          1. གློ་རྒྱག་པ་དང་ལུད་པ་ཐོན་པའི་ཁར། ལུད་པའི་ནང་ཁྲག་ཡོད་པ། 
          2. གཟུགས་པོའི་ལྗིད་ཚད་ཆག་པའམ་ཤ་རིད་དུ་འགྲོ་བ། 
          3. བྲང་ཁོག་ལ་ན་ཟུག་གཏོང་བ། 
          4. མཚན་མོ་རྔུལ་ནག་མང་པོ་དོན་པ། 
          5. གཟུགས་པོར་ཤུགས་མེད་པ་མ་ཟད། ཐང་ཆད་པ་སོགས་ཀྱི་ནད་རྟགས་ཐོན་གྱི་ཡོད།
          ལུས་ལ་ན་ཚ་མི་དགོས། སེམས་ལ་སྡུག་བསྔལ་མི་དགོས་ཟེར་བའི་དཔེ་ལྟར། ནད་མཐའ་དག་མི་སུ་ཞིག་ལའང་དགོས་འདོད་མི་བྱེད་པས། ཁྱེད་ལ་བདེ་ཐང་གི་གཟུགས་པོ་ཞིག་དགོས་འདོད་ན། གཟུགས་པོར་སྦྱོང་བརྡར་མང་ཙམ་དང་། ཆུ་མང་ཙམ་འཐུང་བ། རྟག་པར་ཁྱིམ་དུ་འཛུལ་ནས་མི་སྡོད་པར། ཕྱིར་འཆམ་འཆམ་ལ་མང་ཙམ་འགྲོ་བ་སོགས་རང་གི་གཟུགས་པོར་ཕན་པའི་འཚོ་བའི་གོམས་གཤིས་ཤིག་འཇག་རྒྱུ་ནི་ཧ་ཅང་གལ་འགངས་ཆེན་པོ་ཞིག་རེད། 
          སྟབས་མ་ལེགས་པར་ཡུལ་གཞན་ནས་གློ་བའི་འདུས་འདྲིལ་གཅོང་ནད་འགོས་ཚེ། ས་ཆ་དེ་གའི་རིམས་འགོག་ལྟེ་གནས་སུ་ཕྱིན་ནས་སྨན་བཅོས་བྱེད་ཆོག་པ་དང་། སྨན་རིན་སྐར་མ་གཅིག་ཀྱང་སྤྲོད་མི་དགོས།
རྩོམ་སྒྲིག་པ། སྣང་རྡོར།