ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > སློབ་གསོ་དགའ་ཚལ།

བྱིས་པའི་སྨན་མང་པོའི་ཐོ་འགོད་ལག་ཁྱེར་མེད་པར་བཟོས་ཡོད།

སྤེལ་དུས 2021-11-23 ཡོང་ཁུངས། མི་དམངས་དྲ་བ། རྩོམ་པ་པོ།
          རྒྱལ་ཁབ་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ཀྱི་གཞུང་ཕྱོགས་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར་རྒྱལ་ཁབ་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ཀྱིས་སྤྱི་བསྒྲགས་སྤེལ་ནས། བྱིས་པའི་ཧྥུན་ཨེམ་ཁ་མིན་རིལ་རྡོག་(小儿酚氨咖敏颗粒)སོགས་སྨན་རྫས་རིགས་8ཀྱི་ཐོ་འགོད་ལག་ཁྱེར་མེད་པར་བཟོས་པ་རེད།

          སྤྱི་བསྒྲགས་ལས། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྨན་རྫས་དོ་དམ་བཅའ་ཁྲིམས》ཀྱི་དོན་ཚན་གྱ་གསུམ་པའི་འབྲེལ་ཡོད་གཏན་འབེབས་ལྟར་ན། རྒྱལ་ཁབ་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ཀྱིས་བྱིས་པའི་ཧྥུན་ཨེམ་ཁ་མིན་རིལ་རྡོག་དང་། ཨེམ་ཧྥེ་ཁ་ལེབ་མོ། མང་སྦྱོར་ཨན་ཅི་ལིན་ཇའི་བུལ་ལེབ། ཨེམ་ལིན་ཧྥེང་ཁ་སྤྱིན་སྨན། ཨེམ་ཁ་མིན་ལེབ་མོ། ཏིང་པུན་ཆའང་སྐྱུར་རྩིའི་ཁན་དྲ། བྱིས་པའི་མང་སྦྱོར་ཨ་སི་ཕི་ལིང་ལེབ་མོ། ཨེམ་ཧྥེ་ཁ་མིན་ལྷེབ་སོགས་སྨན་སྣ་ཁ་8ལ་ཁྲོམ་རར་བཏོན་རྗེས་ཀྱི་གདེང་འཇོག་རྩ་འཛུགས་བྱས་པ་རེད། 
          གདེང་འཇོག་བྱས་པ་བརྒྱུད། རྒྱལ་ཁབ་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ཀྱིས་ཉིན་དེ་ནས་བཟུང་། གོང་གསལ་གྱི་སྨན་སྣ་ཁ་8རང་རྒྱལ་དུ་ཐོན་སྐྱེད་དང་། བྲིན་ཚོང་། བེད་སྤྱོད་བཅས་བྱེད་མཚམས་བཞག་ནས་སྨན་རྫས་ཐོ་འགོད་ལག་ཁྱེར་ཐོ་ཁོངས་ནས་བསུབ་རྒྱུའི་གཏན་འབེབས་བྱས་པ་རེད། ཚོང་རར་བྲིན་འཚོང་བྱས་ཟིན་པའི་ཐོན་རྫས་དག སྨན་རྫས་ཚོང་རར་བཏོན་འཐུས་པའི་ཆོག་མཆན་བཀོད་མཁན་གྱིས་ཕྱིར་སྡུད་བྱེད་འགན་འཁུར་རྒྱུ་དང་། ཕྱིས་བསྡུས་པའི་ཐོན་རྫས་དེ་གནས་སའི་ཞིང་ཆེན་རིམ་པའི་སྨན་རྫས་ལྟ་སྐུལ་དོ་དམ་སྡེ་ཁག་གིས་མེད་པར་བཟོ་བའམ་ཡང་ན་ཁྲིམས་ལྟར་གནོད་མེད་ཅན་དུ་སྒྱུར་བ་སོགས་ཀྱི་བྱེད་ཐབས་གཞན་དག་སྤྱོད་རྒྱུ་རེད། 

          ད་ཐེངས་ཀྱི་ཐོ་ཁོངས་ནས་བསུབ་རྒྱུའི་སྤྱི་བསྒྲགས་ཀྱི་ཟུར་བཀོད་ཡིག་ཆ་ལས་མངོན་གསལ། ད་ཐེངས་ཐོ་ཁོངས་ནས་བསུབ་རྒྱུའི་སྨན་རྫས་སྣ་ཁ་8དེ་ཆོག་མཆན་ཡིག་ཨང་64དང་འབྲེལ་བ་ཡོད་པ་རེད། དེའི་ཁྲོད་དུ་བྱིས་པའི་ཧྥུན་ཨེམ་ཁ་མིན་རིལ་རྡོག་ནི་སྨནརྫས་ཁེ་ལས་དང་འབྲེལ་བ་མང་ཤོས་ཡིན་པ་དང་། དེའི་ནང་འབྲེལ་ཡོད་ཆོག་མཆན་ཡིག་ཨང་37ཚུད་ཡོད། དཔྱད་ཡིག་ལས་མངོན་པ་ལྟར་ན། བྱིས་པའི་ཧྥུན་ཨེམ་ཁ་མིན་རིལ་རྡོག་ནི་ཚ་འཇོམ་གཟེར་འཇགས་བྱེད་ཀྱི་སྨན་ཞིག་ཡིན་པ་དང་། དེ་ནི་བྱིས་པར་ཚ་རྒྱས་པ་དང་། མགོ་ན་བ། རུས་ཚིགས་ན་བ་སོགས་ཀྱི་ཆམ་པའི་ནད་རྟགས་ལ་སྤྱོད་ཀྱི་ཡོད།
  1. རྩོམ་སྒྲིག་པ། སྣང་རྡོར།