ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > སློབ་གསོ་དགའ་ཚལ།

འཆར་ཤེལ་མཉམ་སྤྱོད་ཅེས་པའི་ཁ་བསླུས་རྒྱག་སྟངས་གསར་པ་ཞིག་ཐོན་འདུག

སྤེལ་དུས 2021-11-24 ཡོང་ཁུངས། སེམས་ཀྱི་ཞིང་ཁམས། རྩོམ་པ་པོ།
           གལ་སྲིད་རྒྱུས་མངའ་མེད་པའི་མིས་ཁྱེད་རང་དང་འཆར་ཤེལ་མཉམ་སྤྱོད་བྱེད་པའི་རེ་བ་བཏོན་ན་ངེས་པར་དུ་ཡིད་གཟབ་བྱ་དགོས། ཉེ་ཆར། མིང་ལ་འཆར་ཤེལ་མཉམ་སྤྱོད་ཅེས་པའི་ཁ་བསླུས་རྒྱག་སྟངས་གསར་པ་ཞིག་ཐོན་འདུག
           གསར་འགོད་པས་བརྟག་དཔྱད་བྱས་པ་བརྒྱུད། ཁ་བསླུས་རྒྱག་སྟངས་དེའི་རིགས་ཀྱིས་ཚོང་ཁང་ག་གེ་མོའི་ཞབས་ཞུ་བ་ཡིན་ཁུལ་གྱིས་མགོ་སྐོར་ཐེབས་མཁན་གྱི་ཡིད་ཆེས་རག་ཐབས་བྱས་ནས། འཕྲིན་ཐུང་གི་ར་སྤྲོད་ཨང་རྟགས་སོགས་ལ་བརྟེན་ནས་དངུལ་ཁོངས་སྒྱུར་གྱི་ཡོད་པ་རེད།

           དེ་སྔོན་གྱི་ཁ་པར་དང་། བརྙན་ལམ། སྐད་འཕྲིན་སོགས་ཀྱི་མགོ་སྐོར་གཏོང་སྟངས་དང་མི་འདྲ་བར། དེ་རིང་གི་ཁ་བསླུས་རྒྱག་སྟངས་གསར་པ་དེར་འཆར་ཤེལ་མཉམ་སྤྱོད་སོགས་ཀྱི་ནུས་པ་ཡོད་པའི་ཕྱོགས་གསུམ་པའི་སྟེགས་བུ་བརྒྱུད་དགོས་ཀྱི་ཡོད་པ་དང་། སྟེགས་བུ་དེའི་རིགས་ནི་ཁྲོམ་རྭའི་ཐོག་དར་སྲོལ་ཆེ་བའི་བརྙན་ལམ་ཚོགས་འདུ་ག་གེ་མོ་ཞེས་པ་སོགས་གཉེན་ཆས་ཡོད་ལ། མཐའ་ན་གོ་མྱོང་མེད་པའི་གཉེན་ཆས་ཁག་ཅིག་ཡོད་པ་རེད།
           ད་བྱས་ན་འཆར་ཤེལ་མཉམ་སྤྱོད་ཅེས་པའི་ཁ་བསླུས་རྒྱག་སྟངས་དེ་ཇི་འདྲ་ཞིག་ཡིན་དང་། མགོ་སྐོར་ཐེབས་པའི་ཉེན་ཁ་ཆེན་པོ་དེ་འདྲ་ཡོད་དོན་གང་ཡིན་ཟེར་ན།
           ཅང་སུའུ་སུ་ཆན་གྱི་དྲ་ཐོག་ཉེན་རྟོག་པས་ཚོད་ལྟ་ཞིག་བྱས་ཡོད་པ་དང་། ལག་ཐོག་ཁ་པར་གཉིས་ཀྱི་འཆར་ཤེལ་མཉམ་སྤྱོད་བྱེད་པའི་ནུས་པ་ཁ་ཕྱེ་རྗེས། ལག་ཐོག་ཁ་པར་དང་པོའི་ཐོག་བཀོལ་སྤྱོད་བརྒྱུད་རིམ་ཆ་ཚང་ལག་ཐོག་ཁ་པར་གཉིས་པའི་ཐོག་ཇི་མ་ཇི་བཞིན་མངོན་ཐུབ་ཀྱི་ཡོད་པ་རེད། དེར་བརྟེན། སྟེགས་བུ་ག་གེ་མོ་ཞིག་གམ་ཡང་ན་གཉེན་ཆས་ག་གེ་མོ་ཞིག་གི་ཐོག་འཆར་ཤེལ་མཉམ་སྤྱོད་བྱེད་པའི་ནུས་པ་ཁ་ཕྱེ་ཚེ། ཁྱེད་རང་གིས་ལག་ཐོག་ཁ་པར་ཐོག་སྤྱོད་པའི་བཀོལ་སྤྱོད་ཚང་མ་གཞན་གྱིས་གསལ་པོར་མཐོང་ཐུབ་ཀྱི་ཡོད་པ་རེད།
           མིག་སྔར། འཆར་ཤེལ་མཉམ་སྤྱོད་བྱེད་པའི་ཁ་བསླུས་རྒྱག་སྟངས་དེ་མང་ཆེ་བ་མགོ་སྐོར་གཏོང་མཁན་གྱིས་སྤྱི་བདེ་དང་། ཞིབ་དཔྱོད་ལས་ཁུངས། ཁྲིམས་ཁང་སོགས་ཡིན་ཁུལ་བྱེད་པ་དང་། དངུལ་བུན་དང་། དངུལ་ཕྱིར་སློག་པ། སློབ་གྲྭའི་དངུལ་བུན་མེད་པར་བཟོ་བ་སོགས་ཀྱི་ཁ་བསླུས་ནང་སྤྱོད་ཀྱི་ཡོད་པ་རེད།
           མཇུག་ཏུ་དྲན་སྐུལ་ཞུ་རྒྱུར། ཆ་རྒྱུས་མེད་པའི་འབྲེལ་མཐུད་གནན་རྒྱུ་མེད་པ་དང་། ངོ་མི་ཤེས་པའི་ཁ་པར་ལ་ཡིད་ཆེས་བྱ་རྒྱུ་མེད་པ། སྒེར་གྱི་ཆ་འཕྲིན་ཕྱིར་མི་གྱར་བར་བྱེད་པ། དངུལ་གཏོང་སྤྲོད་བྱ་སྐབས་ར་སྤྲོད་མང་ཙམ་བྱེད་པ་བཅས་བྱ་དགོས།
           རྒྱལ་ཁབ་ཁ་བསླུས་འགོག་རྒོལ་ལྟེ་གནས་ཀྱི་APPདེ་ཕབ་ལེན་བྱས་རྗེས། གོ་རིམ་བཞིན་ཐོ་འགོད་དང་བེད་སྤྱོད་བྱས་ཚེ། ཁྱེད་རང་ལ་མགོ་སྐོར་ཐེབས་རྒྱུར་འགོག་ཟོན་བྱ་ཐུབ།
རྩོམ་སྒྲིག་པ། སྣང་རྡོར།