ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > སློབ་གསོ་དགའ་ཚལ།

སྐད་འཕྲིན་དངུལ་ལེན་བཤེར་རིས་ཚོང་གཉེར་ཐད་སྤྱོད་མི་ཆོག་པ་བྱ་རྒྱུ།

སྤེལ་དུས 2021-12-01 ཡོང་ཁུངས། གངས་ལྗོངས་འཕྲིན་གསར། རྩོམ་པ་པོ།
           སྤྱི་ལོ2022ལོའི་ཟླ3པའི་ཚེས1ཉིན་ནས་བཟུང་མི་སྒེར་གྱི་དངུལ་ལེན་བཤེར་རིས་ཚོང་གཉེར་རང་བཞིན་གྱི་ཞབས་ཞུར་སྤྱོད་མི་ཆོག་པ་བྱ་རྒྱུ་དང་། མི་སྒེར་གྱི་འགུལ་མེད་དངུལ་ལེན་བཤེར་རིས་རྒྱང་རིང་གི་ངོ་ཐུག་གདོང་འཕྲད་མིན་པའི་དངུལ་ལེན་ཐད་སྤྱོད་མི་ཆོག་པ་བྱ་རྒྱུ་ཞེས་པའི་གནས་ཚུལ་གཉིས་ཉེ་ཆར་དྲ་བའི་ཐོག་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་ཡོད། གསར་འགོད་པས་ཤེས་རྟོགས་བྱུང་བ་ལྟར་ན། གནས་ཚུལ་དེ་ནི་ཀྲུང་དབྱང་དངུལ་ཁང་གིས་ཉེ་དུས་ཁྱབ་བསྒྲགས་བྱས་པའི་བཤེར་རིས་དངུལ་སྤྲོད་ལྟ་སྐུལ་དོ་དམ་གྱི་བརྡ་ཐོ་གསར་བ་ཞིག་ལས་བྱུང་བ་རེད།


           འཛད་སྤྱོད་པའི་རྒྱུན་གཏན་གྱི་འཚོ་བའི་ཁྲོད། བཤེར་རིས་བརྒྱུད་དངུལ་སྤྲོད་པ་སོགས་ཀྱི་གཏོང་སྤྲོད་བྱེད་སྟངས་མི་ཉུང་བ་ཞིག་རྒྱུན་ལྡན་དུ་གྱུར་ཡོད་ལ། བྱ་སྤྱོད་དེ་དག་ནི་ལྟ་སྐུལ་དོ་དམ་བྱེད་ཁོངས་སུ་འཇུག་རྒྱུ་རེད། སྤྱི་ལོ2021ལོའི་ཟླ10བའི་ཚེས13ཉིན། ཀྲུང་དབྱང་དངུལ་ཁང་གི་གཞུང་ཕྱོགས་དྲ་ཚིགས་ཐོག་གཏོང་སྤྲོད་མཐའ་སྣེ་དང་འབྲེལ་ཡོད་ལས་སྒོའི་དོ་དམ་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ཀྲུང་གོ་མི་དམངས་དངུལ་ཁང་གི་བརྡ་ཐོའི(དངུལ་བཀྲམ(2021)ཡིག་ཨང259བ)ཁྱབ་བསྒྲགས་བྱས་ཏེ་གཏོང་སྤྲོད་མཐའ་སྣེའི་ལས་སྒོའི་དོ་དམ་དང་ཆེད་མངག་ཚོང་དུད་དོ་དམ། རྩིས་ཐོ་རྩིས་ལེན་གྱི་ལས་སྒོའི་ལྟ་ཞིབ་བཅས་ཕྱོགས་གསུམ་ནས་འགོ་བཙུགས་ཏེ་རྩིས་ཐོའི་ཚན་པ་དང་ཞིབ་རྩིས་སྒྲིག་གཞིར་དོ་དམ་གྱི་བླང་བྱ་རབ་དང་རིམ་པ་བཏོན་ཡོད་པ་དང་། དེ་དང་ཆབས་ཅིག་བཤེར་རིས་དངུལ་སྤྲོད་ཀྱང་ལྟ་སྐུལ་དོ་དམ་བྱེད་ཁོངས་སུ་བཅུག་ནས་མི་སྒེར་གྱི་དངུལ་ལེན་ཚད་གཞིའི་ཐད་ཞིབ་ཕྲའི་གཏན་འབེབས་བཏོན་པ་དང་འབྲེལ་སྤྱི་ལོ2022ལོའི་ཟླ3པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་གཏན་འཁེལ་བྱས་ཡོད།
           ཀྲུང་དབྱང་དངུལ་ཁང་གི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བས་གསལ་བཤད་བྱས་པ་ལྟར་ན། ཉེ་བའི་ལོ་ཤས་རིང་མི་སྒེར་གྱི་དངུལ་ལེན་བཤེར་རིས་རྒྱ་ཁྱབ་ངང་བེད་སྤྱོད་བཞིན་ཡོད་ཅིང་། དེས་དངུལ་གཏོང་ལེན་གྱི་ལས་ཕྱོད་ཆེ་རུ་བཏང་ཡོད་མོད། འོན་ཀྱང་དེར་ཉེན་ཁའི་མངོན་མེད་རྐྱེན་ངན་ཁ་ཤས་ཀྱང་གནས་ཡོད་པ་སྟེ། དཔེར་ན་ཁྲིམས་འགལ་བ་འགའ་ཞིག་གིས་ལས་སྟེགས་མི་འདྲ་བ་སྣ་ཚོགས་སྤྱད་དེ། གླ་མང་བའི་ཐོག་ནས་མི་སྒེར་གྱི་འགུལ་མེད་དངུལ་ལེན་བཤེར་རིས་ཀྱིས་རྒྱན་འགྱེད་པའི་དངུལ་སྤོ་སྒྱུར་བྱེད་དུ་བཅུག་སྟེ། རྒྱན་དངུལ་དེ་རྒྱུན་གཏན་གྱི་ཉོ་ཚོང་རྣམ་པ་མང་བོ་ཞིག་གི་ནང་སྦས་ཡོད་པ་ལྟ་བུ་རེད། ཉེན་ཁ་འགོག་ཟོན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་དངུལ་ལེན་བཤེར་རིས་ཀྱི་ཀུན་ཕན་རང་བཞིན་དང་སྟབས་བདེའི་རང་བཞིན་འདོན་སྤེལ་སྔར་བས་ཡག་པོ་བྱ་ཆེད། བརྡ་ཐོའི་ནང་ཆེད་དམིགས་རང་བཞིན་གྱི་བླང་བྱ་ཁག་གཅིག་བཏོན་ཡོད།
དེའི་ཐད་བརྡ་ཐོའི་ནང་དངུལ་ལེན་བཤེར་རིས་དོ་དམ་ཐད་གསལ་བཤད་བྱས་ཡོད་པ་སྟེ། མི་སྒེར་རམ་ཡང་ན་ཆེད་མངག་ཚོང་དུད་སོགས་དངུལ་ལེན་མཁན་གྱི་དངུལ་སྤྲོད་མཁན་ཤེས་པའི་གནས་ཚུལ་འོག་སྤྱད་པའི་དངུལ་ལེན་བཤེར་རིས་དེ་མི་སྒེར་དང་ཆེད་མངག་ཚོང་དུད་གཉིས་ཀྱི་བཤེར་རིས་སྤྱོད་ཡུལ་སོགས་ཀྱི་དབྱེ་བ་ཕྱེ་དགོས་པ་དང་། དངུལ་ལེན་བཤེར་རིས་དེ་བོགས་མར་གཏོང་བ་དང་། གཡར་བ། ཕྱིར་འཚོང་བྱེད་པའམ་ཡང་ན་ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྒོ་སྤེལ་བར་སྤྱོད་རྒྱུར་སྔོན་འགོག་བྱེད་དགོས། བཤེར་རིས་དངུལ་ལེན་ཞབས་ཞུའི་སྒྲིག་གཞིས་ཚོང་གཉེར་བྱེད་སྒོའི་ཁྱད་ཆོས་མངོན་གསལ་དོད་པོ་ལྡན་པའི་མི་སྒེར་ལ་མི་སྒེར་གྱི་དངུལ་ལེན་བཤེར་རིས་ཐོག་ནས་ཚོང་གཉེར་བྱེད་སྒོ་དང་འབྲེལ་བ་ཡོད་པའི་དངུལ་ལེན་ཞབས་ཞུ་མཁོ་འདོན་བྱེད་ཆོག་གི་མེད། 
           བརྡ་ཐོའི་ནང་ད་དུང་རྒྱང་རིང་གི་ངོ་ཐུག་གདོང་འཕྲད་མིན་པའི་དངུལ་ལེན་ཐད་གསལ་བཤད་བྱས་ཡོད་པ་སྟེ། བཤེར་རིས་དངུལ་ལེན་ཞབས་ཞུའི་སྒྲིག་གཞིས་བྱེད་ཐབས་ནུས་ལྡན་སྤྱད་དེ་མི་སྒེར་གྱི་འགུལ་མེད་རྣམ་པའི་དངུལ་ལེན་བཤེར་རིས་རྒྱང་རིང་གི་ངོ་ཐུག་གདོང་འཕྲད་མིན་པའི་དངུལ་ལེན་པར་སྤྱོད་པའི་རིགས་གཏན་འགོག་བྱེད་དགོས་པ་དང་། འཆར་ངོས་གཅོད་པ་དང་ཕབ་ལེན་བྱེད་པ་སོགས་ཀྱི་རྣམ་པས་ཉར་ཚགས་བྱས་པའི་མི་སྒེར་གྱི་འགུལ་རྣམ་དངུལ་ལེན་བཤེར་རིས་ཀྱི་རིགས་མི་སྒེར་གྱི་འགུལ་མེད་དངུལ་ལེན་བཤེར་རིས་ཀྱི་འབྲེལ་ཡོད་གཏན་འབེབས་དཔྱད་གཞིར་བཟུང་སྟེ་ལག་བསྟར་བྱ་དགོས། པོ་ཐུང་བློ་འདྲི་དབུ་བཞུགས་དབྱེ་ཞིབ་པ་ཝང་ཕུང་པོས་དབྱེ་ཞིབ་བྱས་པར་གཞིགས་ན། བཤེར་རིས་དངུལ་སྤྲོད་དེ་ལྟ་སྐུལ་དོ་དམ་བྱེད་ཁོངས་སུ་བཅུག་པ་ཡིས་དེ་སྔོན་ཐོན་མང་བའི་བཤེར་རིས་བརྒྱུད་དངུལ་སྨར་གཙང་སྒྱུར་གནད་དོན་གྱི་སྐྱོན་ཆ་སེལ་ཡོད་པ་དང་། ལྷག་པར་དུ་མི་སྒེར་གྱི་དངུལ་ལེན་བཤེར་རིས་ལ་དོ་དམ་བྱས་པ་ཡིས་མི་སྒེར་གྱི་དངུལ་ལེན་བཤེར་རིས་ཉོ་ཚོང་སྟེགས་བུས་བེད་སྤྱོད་གཏོང་རྒྱུར་སྔོན་འགོག་ནུས་ལྡན་བྱེད་ཐུབ་ཅེས་བསྟན་ཡོད། 
           བརྡ་ཐོ་དེ་འཛད་སྤྱོད་པ་དང་ཚོང་དུད་ཆུང་གྲས་ལ་ཤུགས་རྐྱེན་གང་དག་ཡོད་དམ་ཞེ་ན། ཀྲུང་དབྱང་དངུལ་ཁང་གི་འབྲེལ་ཡོད་འགན་འཁུར་བས་བསྟན་པར། བརྡ་ཐོ་དེ་སྤྱིའི་ཆ་ནས་འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་གང་ལེགས་བྱེད་པར་ཕན་པ་ཡོད་པ་དང་། ཁྲིམས་འགལ་བས་དངུལ་སྤྲོད་མཐའ་སྣེ་སྒྱུར་བཀོད་དང་། ཚོང་དུད་རྫུན་མར་བརྗུས་ཏེ་འཛད་སྤྱོད་པའི་མི་སྒེར་གྱི་ཆ་འཕྲིན་མི་རྐུ་བ་དང་ཐ་ན་ཐོ་ཁོངས་མ་དངུལ་མི་རྐུ་བར་ཕན་པ། དངུལ་ཁང་དང་དངུལ་སྤྲོད་སྒྲིག་གཞིའི་རྩིས་ཐོ་དང་ཉོ་ཚོང་ཆ་འཕྲིན་འདྲི་རྩད་སོགས་ཞབས་ཞུའི་སྤུས་ཚད་མཐོ་རུ་བཏང་སྟེ་འཛད་སྤྱོད་པའི་གནས་ཚུལ་ཤེས་རྟོགས་དབང་ཆ་འགན་ལེན་གང་ལེགས་དང་། འབྲེལ་ཡོད་རྩོད་གཞི་དང་ཞུ་གཏུག་ཉུང་དུ་གཏོང་རྒྱུར་ཕན་པ་ཡོད། ཕུགས་ནས་བལྟས་ན། བརྡ་ཐོའི་ནང་མི་སྒེར་གྱི་དངུལ་ལེན་བཤེར་རིས་ཚད་ལྡན་དུ་གཏོང་རྒྱུའི་སྐོར་གྱི་འབྲེལ་ཡོད་བླང་བྱ་ཡིས་མི་སྒེར་གྱི་ཚོང་གཉེར་བ་དང་ཚོང་དུད་ཆུང་གྲས་ཀྱི་དངུལ་ལེན་ཞབས་ཞུའི་སྤུས་ཚད་སྔར་བས་མཐོ་རུ་གཏོང་རྒྱུ་ཡིན་པ་རེད།
རྩོམ་སྒྲིག་པ། སྣང་རྡོར།