ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > སློབ་གསོ་དགའ་ཚལ།

2025ལོར་རྒྱལ་ཡོངས་སུ་སྤྱི་སྐད་ཁྱབ་གདལ་གཏོང་ཚད་85%ཟིན་པར་བྱ་རྒྱུ།

སྤེལ་དུས 2021-12-02 ཡོང་ཁུངས། མི་དམངས་དྲ་བ། རྩོམ་པ་པོ།
           དུས་རབས་གསར་པའི་སྐད་ཡིག་བྱ་གཞག་སྒྱུར་བཅོས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད། ཉིན་ཤས་གོང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་གིས《དུས་རབས་གསར་པའི་སྐད་ཡིག་ལས་དོན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར》(གཤམ་དུ《བསམ་འཆར》ཞེས་བསྡུ་རྒྱུ)པར་འགྲེམས་བྱས་པ་རེད། འདི་ནི་ཀྲུང་གོ་གསར་པ་དབུ་བརྙེས་པ་ནས་བཟུང་ཐེངས་དང་པོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་གི་མིང་ཐོག་ནས་སྤེལ་བའི་སྐད་ཡིག་ལས་དོན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པའི་མཛུབ་སྟོན་རང་བཞིན་གྱི་ཡིག་ཆ་ཞིག་ཡིན། 
           《བསམ་འཆར》ནང་ཁ་གསལ་བཏོན་དོན། 2025ལོར་སླེབས་སྐབས་རྒྱལ་ཡོངས་སུ་སྤྱི་སྐད་ཁྱབ་གདལ་གཏོང་ཚད་85%ཟིན་པ་དང་། སྐད་ཡིག་ཚད་ལྡན་ཅན་དང་། ཚད་གཞི་ཅན། ཆ་འཕྲིན་ཅན་བཅས་སུ་འགྱུར་བའི་ཆུ་ཚད་སྔར་བས་མཐོ་རུ་ཕྱིན་པ། སྐད་ཡིག་གི་ཚན་རྩལ་ཆུ་ཚད་དང་གསར་གཏོད་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ། ཀྲུང་ཧྭའི་ཕུལ་བྱུང་སྐད་ཡིག་རིག་གནས་རྒྱུན་འཛིན་དང་དར་སྤེལ་གང་ལེགས་ཐུབ་པ། མི་དམངས་མང་ཚོགས་ཀྱི་དགོས་མཁོ་དང་འཚམ་པའི་སྐད་ཡིག་ཞབས་ཞུའི་མ་ལག་སྔར་བས་འཐུས་ཚང་དུ་ཕྱིན་ཡོད། 
           《བསམ་འཆར》ནང་བསྟན་དོན། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་གཏོང་ཤུགས་ཆེ་རུ་བཏང་ནས་རིགས་དབྱེ་མཛུབ་ཁྲིད་དང་གནད་ལ་འཁེལ་བའི་ཇུས་འདོན་བྱེད་དགོས། མི་རིགས་ས་ཁུལ་དང་། གྲོང་གསེབ་ས་ཁུལ་ལ་དམིགས་པ་དང་། གཙོ་གནད་མི་ཚོགས་ལ་དམིགས་ནས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་སྤེལ་གཏོང་ཤུགས་ཆེ་རུ་གཏོང་བ་དང་། མི་རིགས་ས་ཁུལ་གྱི་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་གཏོང་ཚད་དང་གྲོང་གསེབ་ཀྱི་སྤྱི་སྐད་ཆུ་ཚད་མཐོར་འདེགས་ཆེན་པོ་གཏོང་དགོས། 
           《བསམ་འཆར》ནང་བླང་བྱ་བཏོན་དོན། སློབ་གྲྭ་ནི་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གི་སློབ་གསོའི་རྨང་གཞིའི་གཡུལ་ས་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་དེ་སློབ་གསོ་སློབ་ཁྲིད་ཀྱི་གཞི་རྩའི་སྐད་ཡིག་ཏུ་བྱེད་པའི་ཁྲིམས་བཀོད་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་དགོས། སྐད་ཡིག་ཚད་གཞི་ཅན་དུ་འགྱུར་བའི་བླང་བྱ་དེ་སློབ་གྲྭ་དང་། དགེ་རྒན། སློབ་མའི་དོ་དམ། སློབ་གསོ་སློབ་ཁྲིད། དཔྱད་དཔོད་གདེང་འཇོག་སོགས་ཀྱི་ལྷུ་ཚིགས་སོ་སོའི་ནང་དུ་འཇོག་རྒྱུ་རྒྱུན་འཁྱོངས་བྱ་དགོས། སློབ་མའི་སྐད་ཡིག་ཉེར་སྤྱོད་ནུས་པའི་ལྟ་ཞིབ་ཚད་ལེན་དང་གདེང་འཇོག་ཚད་གཞི་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས། རྒྱལ་ཁབ་ཀྱིས་ལོགས་སུ་གཏན་འབེབས་བྱས་པ་ཕུད། སློབ་གནས་སྐོར་གྱི་དཔྱད་རྩོམ་དག་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཐོག་ནས་འབྲི་དགོས། 
           མི་རིགས་ས་ཁུལ་གྱི་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གི་སློབ་གསོར་ཤུགས་སྣོན་རྒྱག་པའི་ཐད། 《བསམ་འཆར》ནང་བསྟན་དོན། མི་རིགས་ས་ཁུལ་གྱི་སློབ་གྲྭ་འབྲིང་ཆུང་དུ་རིག་ཚན་གསུམ་གཅིག་གྱུར་རྩོམ་སྒྲིག་སློབ་གཞི་ཁྱབ་གདལ་བཏང་བ་དང་འབྲེལ་ཁྱོན་ཡོངས་ལ་ཁྱབ་པ་བྱས་ནས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གི་སློབ་ཁྲིད་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ་གྲངས་ཉུང་མི་རིགས་ཀྱི་དམའ་རིམ་སློབ་འབྲིང་གི་སློབ་ཐོན་སློབ་མས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གཞི་རྩའི་ཐོག་ནས་ཁོང་ཆུད་དང་བཀོལ་སྤྱོད་ཐུབ་པ་དང་གྲངས་ཉུང་མི་རིགས་ཀྱི་མཐོ་རིམ་སློབ་འབྲིང་གི་སློབ་ཐོན་སློབ་མས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་རྒྱུས་མངའ་ཁོང་ཆུད་དང་བེད་སྤྱོད་ཐུབ་པའི་འགན་ལེན་བྱེད་དགོས། དགེ་རྒན་གྱི་འཇུག་འཐུས་འགག་སྒོ་ནན་སྲུང་བྱས་ཏེ། མི་རིགས་ས་ཁུལ་གྱི་གྲངས་ཉུང་མི་རིགས་ཀྱི་དགེ་རྒན་གྱི་ཐོབ་ཐང་རེ་འདུན་ཞུ་མཁན་གྱི་སྤྱི་སྐད་ཆུ་ཚད་དེ་མ་མཐའ་ཡང་ཚད་རིམ་གསུམ་པའི་ཨང་དང་པོར་སླེབས་དགོས་པ་མ་ཟད། རིམ་བཞིན་ངང་ཚད་རིམ་གཉིས་པའི་ཨང་གཉིས་པ་ཡན་གྱི་ཚད་གཞིར་སླེབས་པ་བྱ་དགོས། སློབ་གྲྭར་མ་ཞུགས་གོང་གི་བྱིས་པར་སྤྱི་སྐད་སློབ་གསོ་རྒྱག་ཤུགས་ཆེ་རུ་བཏང་ནས་སློབ་གྲྭར་མ་ཞུགས་གོང་སྤྱི་སྐད་ཤེས་པ་བྱ་དགོས། 
           གསར་འགོད་པས་དོ་སྣང་བྱུང་གསལ།《བསམ་འཆར》ནང་ད་དུང་ཐ་སྙད་གསར་པ་དང་། གསལ་བྱེད་ཚིག ཕྱི་རྒྱལ་སྐད་ཡིག་གི་ཐ་སྙད་སོགས་ལ་ལྟ་ཞིབ་ཚད་ལེན་ཞིབ་འཇུག་དང་ཚད་ལྡན་སྣེ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་ཞེས་བཏོན་ཡོད། སྐད་བརྡའི་དཔལ་ཡོན་གྱི་སློབ་གསོར་ཤུགས་སྣོན་རྒྱག་པ་དང་། མཉམ་སྦྲེལ་དྲ་རྒྱ་སོགས་སྨྱན་སྦྱོར་གསར་པའི་སྐད་ཡིག་བེད་སྤྱོད་ཚད་ལྡན་དང་དོ་དམ་ལ་ཤུགས་སྣོན་རྒྱག་པ། ཐ་ཤལ་རྩུབ་སྤྱོད་ཀྱི་དྲ་རྒྱའི་སྐད་ཡིག་ཁྱབ་སྤེལ་བཀག་འགོག་མཐའ་གཅིག་ཏུ་བྱེད་པ། སྐྱོན་བྲལ་དང་ཡ་རབས་ཚུལ་ལྡན་གྱི་དྲ་རྒྱའི་སྐད་བརྡའི་ཁོར་ཡུག་སྐྲུན་པ་བཅས་བྱེད་དགོས། ས་མིང་འབྲི་ཡིག་དང་སྒྲ་སྦྱོར་འབྲི་བར་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས། རྒྱལ་སྤྱིའི་རྒྱ་ཡིག་སློབ་གསོའི་འབྲེལ་ཡོད་ཚད་གཞིའི་མ་ལག་འཛུགས་དགོས། 
          《བསམ་འཆར》ནང་དུས་མཚུངས་སུ། ཞང་ཀང་དང་ཨའོ་མོན་ས་ཁུལ་དུ་སྤྱི་སྐད་སློབ་གསོ་སྤེལ་རྒྱུར་རྒྱབ་སྐྱོར་དང་ཞབས་ཞུ་བྱེད་པ་དང་། སྤྱི་སྐད་ཆུ་ཚད་ཚད་ལེན་ཚོད་ལྟ་བྱ་བ་མཉམ་ལས་ངང་སྤེལ་ནས་ཤང་ཀང་དང་ཨའོ་མོན་ས་ཁུལ་གྱི་སྤྱི་སྐད་ཉེར་སྤྱོད་ཆུ་ཚད་མཐོ་རུ་གཏོང་དགོས་ཞེས་བསྟན་ཡོད། ཚན་རྩལ་གྱི་ཐ་སྙད་དང་། རྒྱ་ཡིག་གི་ཆ་འཕྲིན་ལག་རྩལ། སྐད་ཡིག་ཚན་རིག་ཞིབ་འཇུག ཤེས་ལྡན་མི་སྣ་གསོ་སྐྱོང་ལ་སོགས་པའི་ཐད་ཞང་ཀང་དང་། ཨའོ་མོན། ཐའེ་ཝན་བཅས་ས་ཁུལ་དང་སྤེལ་རེས་དང་མཉམ་ལས་བྱེད་པར་ཤུགས་སྣོན་རྒྱག་དགོས། ཐའེ་ཝན་ས་ཁུལ་གྱི་སྐད་ཡིག་སྲིད་ཇུས་ལ་ཞིབ་འཇུག་བྱེད་པར་ཤུགས་སྣོན་རྒྱག་དགོས། ཡུལ་སྐད་དང་གྲངས་ཉུང་མི་རིགས་ཀྱི་སྐད་དང་ཡི་གེ་ཚན་རིག་དང་མཐུན་པར་སྲུང་སྐྱོང་བྱ་དགོས། མི་རིགས་སྐད་ཡིག་སློབ་དེབ་ལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས་མི་རིགས་སྐད་ཡིག་གི་སློབ་ཁྲིད་སྤུས་ཚད་མཐོ་རུ་གཏོང་དགོས།
           གཞན་ཡང་།《བསམ་འཆར》ནང་ད་དུང་ནན་གྱིས་བསྟན་དོན། རྒྱལ་སྤྱིའི་རྒྱ་ཡིག་དགེ་རྒན་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ཕྱི་རྒྱལ་གྱི་རྒྱ་ཡིག་དགེ་རྒན་དེ་བས་མང་བ་ཀྲུང་གོར་རྒྱ་ཡིག་རྒྱལ་སྤྱིའི་སློབ་གསོའི་འབྲེལ་ཡོད་རབ་འབྱམས་པ་དང་འབུམ་རམས་པའི་སློབ་གནས་ལེན་པར་ཡོང་རྒྱུའི་ཡིད་དབང་འགུགས་དགོས། གོ་ལ་ཧྲིལ་པོའི་སྤྱི་སྐད་ཆུ་ཚད་ཚད་ལེན་ཚོད་ལྟའི་མ་ལག་འཛུགས་དགོས། རྒྱལ་སྤྱིའི་རྒྱ་ཡིག་སློབ་གསོའི་རྒྱུགས་ལེན་ཚད་གཞི་འཐུས་ཚང་དུ་གཏོང་དགོས། ཕྱི་རྒྱལ་གྱི་རྒྱ་ཡིག་སློབ་གྲྭར་རྒྱ་ཡིག་ཁྱབ་སྤེལ་དང་བེད་སྤྱོད་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། ཕྱི་རྒྱལ་གྱི་རྒྱ་ཡིག་དགེ་རྒན་གསོ་སྐྱོང་སྦྱོང་བརྡར་བྱེད་ཤུགས་ཆེ་རུ་གཏོང་དགོས། རིག་གཞུང་ཁྱབ་ཁོངས་ནང་གི་རྒྱ་ཡིག་གི་ཤུགས་རྐྱེན་ནུས་པ་ཆེ་རུ་བཏང་ནས་ཚན་ཞིབ་གྲུབ་འབྲས་རྒྱ་ཡིག་གིས་ཐོག་མར་འགྲེམས་སྤེལ་བྱ་རྒྱུ་དར་སྤེལ་གཏོང་དགོས། རྒྱལ་སྤྱིའི་རྩ་འཛུགས་དང་རྒྱལ་སྤྱིའི་ཚོགས་འདུའི་ཐོག་རྒྱ་ཡིག་བེད་སྤྱོད་ཀྱི་གནས་བབ་དང་བེད་སྤྱོད་བསྡུར་ཚད་མཐོ་རུ་གཏོང་བར་སྐུལ་འདེད་གཏོང་དགོས། རྒྱ་ཡིག་སྒྲ་སྦྱོར་བྱེད་སྟངས་རྒྱལ་སྤྱིར་ཉེར་སྤྱོད་བྱེད་པར་སྐུལ་འདེད་བྱ་དགོས།
རྩོམ་སྒྲིག་པ། སྣང་རྡོར།