ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཁྲིམས་གཞུང་མདའ་མོ།

འཕན་པོའི་མང་ཚོགས་ཀྱིས་གསའ་གཟིག་ཅིག་བསྐྱབས་འདུག

སྤེལ་དུས 2021-07-30 ཡོང་ཁུངས། སེམས་ཀྱི་ཞིང་ཁམས། རྩོམ་པ་པོ།
           ཉེ་ཆར། ལྷུན་གྲུབ་རྫོང་ནགས་ལས་དང་རྩྭ་ཐང་ཅུས་ལ་ལྷུན་གྲུབ་རྫོང་ཕུ་མདོ་ཤང་སྟག་ལུང་གྲོང་ཚོའི་གྲོང་མིས་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོབ་སྲོག་ཆག་གསའ་གཟིག་འདྲ་བ་ཞིག་རྙེད་ཡོད་པས་རོགས་རམ་བྱ་རོགས་ཟེར་བའི་ཁ་པར་ཞིག་འབྱོར་པ་རེད།

           དེའི་རྗེས། ལྷུན་གྲུབ་རྫོང་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་ལས་དོན་མི་སྣ་ཕུ་མདོ་ཤང་གི་ཞིང་འབྲོག་པའི་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་ཀྱི་ལས་དོན་མི་སྣ་དང་མཉམ་དུ་ས་ཡུལ་དངོས་ལ་བསྐྱོད་པ་རེད།
           ས་ཡུལ་དངོས་ལ་འབྱོར་རྗེས། གསའ་གཟིག་དེའི་ཉམས་འགྱུར་དེ་ཙམ་ཡག་པོ་མེད་པས། རང་མཁོ་རང་གསོ་བྱེད་པའི་ནུས་པ་མེད་པར་བརྟེན། ལས་དོན་མི་སྣས་འཕྲལ་དུ་ལྷ་ས་གྲོང་ཁྱེར་ནགས་ལས་རྩྭ་ཐང་ཅུས་དང་འབྲེལ་བ་བྱས་པ་རེད།

           ལྷ་ས་གྲོང་ཁྱེར་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས་གསའ་གཟིག་གི་སྨན་བཅོས་དུས་ཚོད་ཡག་ཤོས་དེ་མི་ཤོར་བའི་ཆེད། དུས་ཚོད་ཨང་དང་པོར་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་གི་བདག་མེད་སྲོག་ཆགས་རོགས་སྐྱོབ་ས་ཚིགས་དང་འབྲེལ་བ་བྱས་ནས། གསའ་གཟིག་དེར་བསྐྱལ་བ་རེད།

           ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་གི་བདག་མེད་སྲོག་ཆགས་རོགས་སྐྱོབ་ས་ཚིགས་ཀྱི་ཕྱུགས་རིགས་སྨན་པ་དང་ཕྱུགས་གཡོག་གིས་གཏན་འཁེལ་བྱས་པ་བརྒྱུད། དེ་ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོབ་སྲོག་ཆགས་གསའ་གཟིག་ཡིན་པ་དང་། ཟླ་བ་གཅིག་ཙམ་ལ་བསླེབས་ཡོད་ཅིང་། གཟུགས་པོའི་རིང་ཚད་ལ་ལི་སྨི་༦༠དང་། ལྗིད་ཚད་རྒྱ་མ་༥ཙམ་ཡོད། མ་གཞི་དེར་རྨས་སྐྱོན་ཕོག་མེད་རུང་། བཙོག་གཅིན་གཏོང་མི་ཐུབ་པའི་གནས་ཚུལ་ཡོད་པས། ཕྱུགས་གཡོག་གིས་འཕྲལ་དུ་རོགས་སྐྱོབ་བྱས་ཡོད་པ་རེད།

           ལྷ་ས་གྲོང་ཁྱེར་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས་དྲན་སྐུལ་ཞུ་རྒྱུར། རྒྱ་ཆེའི་མང་ཚོགས་ཚོས་རྨས་སྐྱོན་ཕོག་པ་སོགས་ཀྱི་བདག་མེད་སྲོག་ཆགས་མཐོང་ཚེ། དུས་ཐོག་ཏུ་སྙན་སེང་ཞུས་ནས་བདག་མེད་སྲོག་ཆགས་ལ་རོགས་སྐྱོབ་ཐུབ་པར་བྱ་དགོས།
           ལྷ་ས་གྲོང་ཁྱེར་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས་སྤྱི་ཚོགས་ཐོག་ཁྲིམས་འགལ་ཐེར་འདོན་ཁ་པར་ཡོངས་བསྒྲགས་བྱས་ཡོད།
           ༠༨༩༡ ༦༣༦༣༧༣༩
           ༠༨༩༡༦༣༤༥༧༢༩
རྩོམ་སྒྲིག་པ། བདེ་སྒྲོལ།