ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཁྲིམས་གཞུང་མདའ་མོ།

ནར་མ་སོན་པའི་མིས་འགྲིམ་འགྲུལ་དོན་རྐྱེན་བསླངས་ན་འགན་འཁུར་དགོས་སམ།

སྤེལ་དུས 2021-09-24 ཡོང་ཁུངས། ཁྲིམས་ལུགས་ཚགས་པར། རྩོམ་པ་པོ།
          རང་རྒྱལ་བཅའ་ཁྲིམས་ཀྱི་གཏན་འཁེལ་གཞིར་བཟུང་ན། ལོ18མན་ནི་ནར་མ་སོན་པའི་མིའི་གྲས་སུ་གཏོགས། ལོ10ཡན་ནས་ལོ18མན་གྱི་ནར་མ་སོན་པའི་མི་ནི་བྱ་སྤྱོད་སྤེལ་ནུས་མེད་པའི་མི་ཡིན་ཞིང་། ཁོས་རང་ཉིད་ཀྱི་ལོ་ཚོད་དམ་བློ་རིག་དང་འཚམས་པའི་དམངས་དོན་བྱ་འགུལ་སྤེལ་ཆོག་ལ། གཞན་པའི་དམངས་དོན་བྱ་འགུལ་ནི་ཁྲིམས་བཀོད་ལས་ཚབ་པས་ཚབ་བྱེད་པའམ་ཡང་ན་ཁྲིམས་བཀོད་ལས་ཚབ་པའི་མོས་འཐད་བརྒྱུད་དགོས།ལོ10མན་གྱི་ནར་མ་སོན་པའི་མི་ནི་དམངས་དོན་བྱ་སྤྱོད་སྤེལ་ནུས་མེད་པའི་མི་ཡིན་ཞིང་།ཁོའི་དམངས་དོན་བྱ་འགུལ་ཁྲིམས་བཀོད་ལས་ཚབ་པས་ཚབ་བྱས་ཏེ་སྤེལ་དགོས། ལོ16ཡན་ནས་ལོ18མན་གྱི་སྤྱི་དམངས་ཀྱིས་རང་ཉིད་ཀྱི་ངལ་རྩོལ་ཡོང་འབབ་ལ་བརྟེན་ནས་འཚོ་བ་རོལ་བའི་རིགས་ནི། དམངས་དོན་བྱ་སྤྱོད་སྤེལ་ནུས་ཆ་ཚང་ཡོད་པའི་མི་རུ་ངོས་འཛིན་དགོས།
          རང་རྒྱལ་གྱི《དམངས་དོན་ཁྲིམས་གཞུང》གི་དོན་ཚན1188པའི་གཏན་འཁེལ་ལྟར་ན། “དམངས་དོན་བྱ་སྤྱོད་སྤེལ་ནུས་མེད་པའི་མི་དང་དམངས་དོན་བྱ་སྤྱོད་སྤེལ་ནུས་ཚད་བཀག་ཡོད་པའི་མིས་མི་གཞན་ལ་གནོད་འཚེ་བཟོས་ཚེ། དེའི་ལྟ་སྐྱོང་མཁན་གྱིས་དམངས་དོན་འགན་འཁྲི་འཁུར་དགོས། ལྟ་སྐྱོང་མཁན་གྱིས་ལྟ་སྐྱོང་འགན་འཁྲི་ཐེག་ཡོད་ན། དམངས་དོན་འགན་འཁྲི་འོས་འཚམ་གྱིས་ཇེ་ཡང་དུ་གཏང་ཆོག རྒྱུ་ནོར་ཡོད་པའི་དམངས་དོན་བྱ་སྤྱོད་སྤེལ་ནུས་མེད་པའི་མི་དང་དམངས་དོན་བྱ་སྤྱོད་སྤེལ་ནུས་ཚད་བཀག་ཡོད་པའི་མིས་མི་གཞན་ལ་གནོད་འཚེ་བཟོས་ཚེ། དེའི་རྒྱུ་ནོར་ཁྲོད་ནས་སྐྱིན་ཚབ་གྲོན་དངུལ་སྤྲད་དགོས། སྐྱིན་ཚབ་འཇལ་བར་མི་འདང་བའི་ཆ་ཤས་དེ་ལྟ་སྐྱོང་མཁན་གྱིས་འོས་འཚམ་གྱི་སྐྱིན་ཚབ་གཞལ་དགོས་ཤིང་། ཡིན་ན་ཡང་ལས་ཁུངས་ཀྱིས་ལྟ་སྐྱོང་མཁན་གྱི་འགན་འཁུར་ཡོད་པ་ཕུད”ཅེས་བཀོད་ཡོད།
          ནར་མ་སོན་པའི་མིའི་འགྲིམ་འགྲུལ་དོན་རྐྱེན་གྱི་སྐྱིན་ཚབ་གཞལ་འགན་གཤམ་ལྟར་ཐག་གཅད་དགོས།
          1. གལ་ཏེ་རླངས་འཁོར་གྱི་བདག་པོའི་འཐད་པ་བརྒྱུད་དེ་རླངས་འཁོར་བསྐོར་ནས་འགྲིམ་འགྲུལ་དོན་རྐྱེན་བྱུང་རིགས། རླངས་འཁོར་གྱི་བདག་པོ་དང་ནར་མ་སོན་པའི་མིའི་ལྟ་སྐྱོང་མཁན་ནི་དམངས་དོན་ཀྱི་སྐྱིན་ཚབ་གཞལ་བའི་བྱེད་པོ་གཙོ་བོ་ཡིན།
          2. གལ་ཏེ་རླངས་འཁོར་གྱི་བདག་པོའི་འཐད་པ་མ་བརྒྱུད་པར་རླངས་འཁོར་བསྐོར་ཏེ་འགྲིམ་འགྲུལ་དོན་རྐྱེན་བྱུང་རིགས། ལྟ་སྐྱོང་མཁན་ནི་དམངས་དོན་གྱི་སྐྱིན་ཚབ་གཞལ་བའི་བྱེད་པོ་གཙོ་བོ་ཡིན། གལ་ཏེ་རླངས་འཁོར་གྱི་བདག་པོས་རླངས་འཁོར་དོ་དམ་སྣང་མེད་ལྷོད་གཡེང་དུ་བསྐྱུར་བའི་སྣང་ཚུལ་ཡོད་ན། རླངས་འཁོར་གྱི་བདག་པོ་དང་ནར་མ་སོན་པའི་མིའི་ལྟ་སྐྱོང་མཁན་ནི་དམངས་དོན་ཀྱི་སྐྱིན་ཚབ་གཞལ་བའི་བྱེད་པོ་གཙོ་བོ་ཡིན།
          3. རླངས་འཁོར་གྱི་བདག་པོ་ནི་ལྟ་སྐྱོང་མཁན་ཡིན་ཚེ། ནར་མ་སོན་པའི་མིར་རླངས་འཁོར་བསྐོར་བར་འཐད་པ་བྱུང་དང་མ་བྱུང་རུང་འགྲིམ་འགྲུལ་དོན་རྐྱེན་བྱུང་ཚེ། ལྟ་སྐྱོང་མཁན་ནི་དམངས་དོན་གྱི་སྐྱིན་ཚབ་གཞལ་བའི་བྱེད་པོ་གཙོ་བོ་ཡིན།
          4. གལ་ཏེ་ནར་མ་སོན་པའི་མིར་མི་གསུམ་པས་རེ་བ་བཏོན་ཏེ་རླངས་འཁོར་བསྐོར་བའམ་ཡང་ན་རླངས་འཁོར་བསྐོར་བའི་ལས་ནི་མི་གསུམ་པར་ཕན་པ་ཡོད་ཚེ། མི་གསུམ་པ་དང་ནར་མ་སོན་པའི་མིའི་ལྟ་སྐྱོང་མཁན་གཉིས་ནི་དམངས་དོན་གྱི་སྐྱིན་ཚབ་གཞལ་བའི་བྱེད་པོ་གཙོ་བོ་ཡིན།
རྩོམ་སྒྲིག་པ། བདེ་སྒྲོལ།