ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཁྲིམས་གཞུང་མདའ་མོ།

ལྷ་ས་ནས་དྲ་རྒྱའི་གཙོ་སྐྱོང་སྙན་སྒྲོན་པ་འདི་དག་བཀག་སྡོམ་བྱས་འདུག

སྤེལ་དུས 2021-12-02 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
           ཉེན་རྟོག་པའི་གནས་ཚུལ་བརྡ་ཁྱབ།
           ཟླ11པའི་ཚེས29ཉིན། “ལྷ་སའི་དྲ་རྒྱའི་ཉེན་རྟོག”དང་“བོད་ལྗོངས་དྲ་རྒྱའི་ཉེན་རྟོག”ཁང་ལ་བསྟུད་མར་དྲ་དམངས་ཀྱི་ཞུ་གཏུག་འབྱོར་ཏེ། “ལྗོངས་ནང་ཁུལ་གྱི་གཙོ་སྐྱོང་སྙན་སྒྲོན་པ་ཆེ་གེ་མོས་རྡུང་རེས་རྒྱག་པར་བརྡ་བཏང་བ་དང་། ཕན་ཚུན་ལ་ངན་སྨོད་བྱེད་པ། དྲ་རྒྱའི་རྒྱལ་ཕམ་འགྲན་སྡུར་བྱེད་པ་སོགས་ཀྱི་རྣམ་པས་ཟླ11པའི་ཚེས29ཉིན་གྱི་ཆུ་ཚོད21སྟེང་དུ་དྲ་རྒྱའི་ཐད་གཏོང་བྱས།”ཞེས་བཤད་པ་དང་།  “འབྲེལ་ཡོད་གཙོ་སྐྱོང་སྙན་སྒྲོན་པའི་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས། དྲ་རྒྱའི་བྱ་སྤྱོད་ངན་པས་གཞོན་ནུ་ལ་ཤུགས་རྐྱེན་མི་ཐེབས་པར་སྔོན་འགོག་བྱེད་དགོས།”ཞེས་བླང་བྱ་བཏོན་པ་རེད། “ལྷ་སའི་དྲ་རྒྱའི་ཉེན་རྟོག”ཕྱོགས་ཀྱིས་མུ་མཐུད་དུ་ཞིབ་བཤེར་བྱས་པ་བརྒྱུད་དེ། གཙོ་སྐྱོང་སྙན་སྒྲོན་པ་དེས་ཟླ11པའི་ཚེས29ཉིན་གྱི་ཆུ་ཚོད21སྟེང་དུ་གཙོ་སྐྱོང་སྙན་སྒྲོན་པ་མི་གཞན་པ་དང་སྐད་སྦྲེལ་བྱས་ཏེ་འཁྲུག་རྐྱེན་སློང་བ་དང་ཐ་ཤལ་གྱི་སྤྱོད་ངན་སྟོན་པ། འཕྱ་སྨོད་དང་བཞད་གད་སློང་བ་བཅས་ཀྱི་རྣམ་པས་དྲ་རྒྱའི་ཐད་གཏོང་གི་རྒྱལ་ཕམ་འགྲན་རྩོད་བྱེད་པ་མཐོང་། དྲ་སྟེང་དུ་དེར་ལྟ་མཁན་མི་ཁྲི23ཟིན་པ་མ་ཟད། ཐད་གཏོང་ཁང་དུ་མ་རབས་ཐ་ཤལ་སོགས་ཀྱི་དཔྱད་གཏམ་ངན་པ་མང་པོ་སྤེལ་ཡོད་པས། ཧ་ཅང་ཚབས་ཆེ་བའི་ཤུགས་རྐྱེན་ངན་པ་བཟོས། “ལྷ་སའི་དྲ་རྒྱའི་ཉེན་རྟོག”ཕྱོགས་ཀྱིས་འཕྲལ་དུ“བོད་ལྗོངས་དྲ་རྒྱའི་ཉེན་རྟོག”དང་མཉམ་འབྲེལ་བྱས་ཏེ། འབྲེལ་ཡོད་གཙོ་སྐྱོང་སྙན་སྒྲོན་པ་དང་དེ་བཞིན་ཁོའི་ཐོ་འགོད་ཨང་གྲངས་མེད་པར་བཟོ་བའི་ཐ་ཚིག་བསྒྲགས་པ་དང་ཐད་གཏོང་བཀག་སྡོམ་ཉིན3བྱེད་པ་སོགས་ཀྱི་ཆད་པ་བཅད་པ་རེད།
           དྲ་རྒྱའི་ཉེན་རྟོག་པས་གསལ་འདེབས་བྱེད་དོན། དྲ་རྒྱ་ནི་ཁྲིམས་ཀྱི་ཕྱི་རོལ་དུ་མེད་པར། དྲ་རྒྱའི་བྱེད་སྒོ་སྤེལ་སྐབས་ངེས་པར་དུ་བཅའ་ཁྲིམས་དང་ཁྲིམས་སྲོལ། དེ་བཞིན་ཀུན་སྤྱོད་ཀྱི་མ་མཐའི་ཚད་གཞི་དམ་པོར་བསྲུང་དགོས་ལ། དྲ་ཐོག་གི་ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་ལ་སྤྱི་བདེ་ལས་ཁུངས་ཀྱིས་ཐ་གཅིག་ཏུ་ཁྲིམས་ལྟར་རྡུང་རྡེག་དང་ཐག་གཅོད་བྱེད་དགོས། འདིར་རྒྱ་ཆེའི་དྲ་དམངས་རྣམས་ཁྲིམས་ལྟར་བདེ་ཐང་ངང་དྲ་བར་ཞུགས་རྒྱུ་དང་ཧུར་ཐག་གིས་སྤྱི་ཚོགས་ཀྱི་སྲོལ་བཟང་དར་སྤེལ་དང་དྲ་རྒྱའི་བཟང་ཕྱོགས་ཁྱབ་སྤེལ་བྱས་ནས། ཐུན་མོང་ཐོག་དྭངས་གསལ་དང་། དཔལ་ཡོན། འཆམ་མཐུན་དང་བདེ་ཐང་གི་དྲ་རྒྱའི་བར་སྟོང་ཁོར་ཡུག་ཅིག་བསྐྲུན་པར་འབོད་སྐུལ་བཏང་བ་ཡིན། 
ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས། 
2021ལོའི་ཟླ11པའི་ཚེས30ཉིན།
རྩོམ་སྒྲིག་པ། བདེ་སྒྲོན།