ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཁྲིམས་གཞུང་མདའ་མོ།

འབྲོག་པ་ཚོས་སྟབས་བདེ་མྱོང་རྒྱུ་བྱུང་བའི་རྟ་ཐོག་གི་ཁྲིམས་ར།

སྤེལ་དུས 2022-11-18 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
     ཞོགས་པར། ཀུའོ་ཧྲེང་ཀྲིས་གཞུང་སྒྲུབ་ཡོ་བྱད་དང་རས་གུར། ཉལ་ཁུག བརླན་འགོག་མལ་གདན། གྱོན་ཆས། ཁོག་ཕོར་སྐྱོག་སྡེར་སོགས་བསྡུ་གསོག་བརྒྱབ་ཞིང་། འདི་ནི་ཁོང་འབྲོག་ཁུལ་དུ་སྐོར་སྐྱོད་གྱོད་དོན་སྒྲུབ་པར་བསྐྱོད་ཐེངས་རེར་གྲ་སྒྲིག་བྱེད་དགོས་པ་དག་ཡིན་ལ། མི་ལོ་ཉི་ཤུའི་རིང་འདི་ལྟར་བྱས་པས་བྱང་ཆུབ་པར་གྱུར། 
     རང་ལོ་43སླེབས་པའི་ཀུའོ་ཧྲེང་ཀྲི་ནི་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་མི་དམངས་ཁྲིམས་ཁང་གི་ཁྲིམས་འཛིན་ཉེན་རྟོག་པ་ཞིག་ཡིན།

     རྨ་སྟོད་རྫོང་ནི་རྨ་ཆུའི་འགོ་ཁུངས་སུ་གནས་ཤིང་། རྨ་ཆུ་འབབ་རྗེས་རྒྱུགས་ཁོངས་སུ་ཡོད་པའི་རྫོང་དང་པོ་དེ་ཡིན། རྨ་སྟོད་ཀྱི་ཆ་སྙོམས་ས་བབ་མཐོ་ཚད་ལ་སྨི་4500ཡོད་ཅིང་། མཚོ་སྔོན་ཞིང་ཆེན་གྱི་ས་བབ་ཆེས་མཐོ་བའི་རྫོང་ཞིག་ཡིན་ལ། མིའི་རིགས་ཀྱི་འཚོ་གནས་ཁོར་ཡུག་ཆེས་སྐྱོ་ཤོས་ས་ཁུལ་གྱི་གྲས་ཤིག་ཡིན་ཁར། ས་རྒྱ་ཆེ་ཞིང་མི་འབོར་ཉུང་བ། འགྲིམ་འགྲུལ་སྟབས་བདེའང་མེད་པས། ཁྲིམས་དཔོན་གྱིས་བརྟག་དཔྱད་དཔང་ལེན་བྱ་དཀའ་བ་དང་སྐྱེལ་སྤྲོད་བྱ་དཀའ་བ། ཞིང་འབྲོག་མང་ཚོགས་གཏུག་བཤེར་ཁྲོད་ཞུགས་དཀའ་བ་བཅས་ཡོད། 1957ལོར། རྨ་སྟོད་རྫོང་མི་དམངས་ཁྲིམས་ཁང་དབུ་བརྙེས་པའི་ཐོག་མའི་དུས་སུ་རྟ་ཐོག་གི་ཁྲིམས་ར་བཙུགས་པ་རེད། ཁྲིམས་ཁང་གཞན་དག་གིས་གྱོད་དོན་ཞིབ་གཅོད་བྱེད་པ་དང་མི་འདྲ་བར་དེ་གའི་ཁྲིམས་དཔོན་གྱིས་དུས་རྒྱུན་དུ་ལམ་རྒྱགས་ཁྱེར་ཞིང་། རྟར་བཞོན་ནས་དོ་བདག་གི་སར་འབྱོར་རྗེས་ས་གནས་དེ་གར་གྱོད་དོན་ཞིབ་གཅོད་བྱེད་དགོས་ཀྱི་ཡོད།
     ཀུའོ་ཧྲེང་ཀྲིས། དང་ཐོག་རྟ་ཐོག་གི་ཁྲིམས་རའི་རྗེས་དེད་ནས་སྐོར་སྐྱོད་གྱོད་དོན་སྒྲུབ་སྐབས། དོ་བདག་མ་རྙེད་པའམ་ཡང་ན་ཁྲིམས་ཁང་གི་འགུག་ཡིག་ཇི་ལྟར་སྐྱེལ་སྤྲོད་བྱ་དགོས་མིན་ཡང་མི་ཤེས་པ་མ་ཟད། རྨ་སྟོད་ཀྱི་འབྲོག་པ་མང་ཚོགས་རྣམས་དུས་རྒྱུན་པར་རྩྭ་ཆུ་འདེད་ནས་འཚོ་བ་རོལ་བཞིན་ཡོད་དེ། དགུན་ས་དང་དབྱར་ས་རྙེད་ཁག་པོ་ཡོད་པས། རི་ཁུལ་དུ་ལམ་ནོར་འབྱུང་སྲིད་པ་དང་།  རྨ་སྟོད་རྫོང་མི་དམངས་ཁྲིམས་ཁང་ནས་མི་བདུན་བརྒྱད་ཙམ་གྱི་རྟ་ཐོག་གི་ཁྲིམས་ར་ཞིག་འཛུགས་ཐུབ་པ་བྱུང་བ་དང་། འབྲོག་ཁུལ་དུ་བསྐྱོད་ཐེངས་རེར་ཐུང་ན་ཉིན་གསུམ་བཞི་དང་རིང་ན་ཟླ་ཕྱེད་འགོར་གྱི་ཡོད། ཁོང་ཚོས་ཁྲིམས་ར་འབྲོག་པ་མང་ཚོགས་ཀྱི་སྦྲ་གུར་མདུན་དུ་སྤོས་པ་དང་དོ་བདག་ས་ལ་འཁོད་རྗེས། ཞུ་སྦྱོར་སྔ་མ་དང་། ཞུ་སྦྱོར་ཕྱི་མ། འདྲི་གཅོད་པ། ལས་ཚབ་པ་བཅས་ཀྱི་མིང་བྱང་བསྒྲིགས་པ་དང་ས་གནས་དེ་གར་གྱོད་ཐོ་འགོད་ཀྱིས་ས་གནས་ས་ཐོག་ཏུ་ཞིབ་གཅོད་བྱེད་པ་དང་གྱོད་ཐག་གཅོད་རྒྱུ་མངོན་འགྱུར་ཡོང་བར་རོགས་རམ་བྱས་ཡོད་ཅེས་གསུངས་པ་རེད། 
     མི་རབས་རེ་རེ་ལ་མི་རབས་རེ་རེ་ཡི་དཀའ་སྡུག་རེ་ཡོད་དེ། 90རྗེས་སྐྱེས་ཁྲིམས་དཔོན་གྱི་ལས་རོགས་ཏུན་ཞུའེ་པིན་ལ་འཕྲད་པའི་བྱ་དཀའ་བྱེད་གཏད་ཀྱི་དོན་དག་ནི། ཁྲིམས་ས་འཚོགས་སྐབས། ཞིང་འབྲོག་མང་ཚོགས་ལ་ལས་དཔང་རྟགས་ཅི་ཡང་མེད་པར་ཁྲིམས་དཔོན་གྱིས་དྲང་གཞག་ཁྲུན་གཅོད་ཀྱི་རེ་སྒུག་བྱེད་ཀྱིན་ཡོད། སྔོན་ཆད་རྩོད་གཞི་ཐོན་སྐབས། ཁོང་ཚོས་ནང་ཁུལ་ཐག་གཅོད་རྒྱུར་གོམས་པས་ཁྲིམས་ཁང་བསམ་བློར་འཁོར་མཁན་ཉུང་ཉུང་རེད། མི་རབས་སྔོན་མ་དག་གི་འབད་བརྩོན་བརྒྱུད། ཁོང་ཚོས་འགལ་ཟླ་འཕྲད་སྐབས་ཁྲིམས་ཁང་བཙལ་ནས་དྲང་གཞག་ཡོང་རེ་བྱ་རྒྱུ་སྒུག་པ་དེ་ཡིན། 

     མཚོ་སྔོན་ཞིང་ཆེན་དུ་འབྲོག་ཁུལ་གྱི་རྒྱ་ཁྱོན་ཆེ་ཞིང་། རྟ་ཐོག་གི་ཁྲིམས་ར་ག་ཚོད་ཡོད་མེད་བསྡོམས་རྩིས་རྒྱག་མྱོང་མེད། ཉེ་བའི་ལོ་ཤས་རིང་། དཔལ་འབྱོར་དང་འགྲིམ་འགྲུལ། ལག་རྩལ་བཅས་གོང་འཕེལ་ཕྱིན་པ་དང་བསྟུན་ནས། མཚོ་སྔོན་གྱི་བོད་འབྲེལ་ཁུལ་དང་རྫོང་སོ་སོར་རིམ་བཞིན་གཏུག་གཤེར་ཞབས་ཞུ་དང་། སྐོར་སྐྱོད་ཞིབ་གཅོད། ཁྲིམས་ལུགས་དྲིལ་བསྒྲགས། ལག་བསྟར་མཛུབ་སྟོན་བཅས་གཞི་གཅིག་ཏུ་འདུས་པའི་སྐོར་སྐྱོད་ཞིབ་གཅོད་རླངས་འཁོར་ཡོད་པར་གྱུར་བས། རྟ་ཐོག་གི་ཁྲིམས་ར་ཡང་རིམ་བཞིན་མི་རྣམས་ཀྱི་མཐོང་ལམ་ནས་ཡལ་བ་རེད།
     རྨ་སྟོད་ཁྲིམས་ཁང་གི་དྲུང་ཡིག་སུན་ཏུང་ཏེས། རྟ་ཐོག་གི་ཁྲིམས་རའམ་འཁོར་ཐོག་ཞིབ་གཅོད་གང་ཡིན་ཡང་། ཡོད་ཚད་ནི་ཞིང་འབྲོག་མང་ཚོགས་ནས་ཁྱིམ་ཚང་གི་སྒོ་འགྲམ་དུ་འདྲ་མཉམ་དྲང་གཞག་དང་། སྟབས་བདེའི་ཁྲིམས་ལུགས་ཀྱི་ཞབས་ཞུ་མྱོང་རོལ་ཐུབ་ཏུ་བཅུག་སྟེ། ཁོང་ཚོའི་ཁྲིམས་འཛིན་གྱི་དགོས་མཁོ་སྐོང་ཆེད་ཡིན་ཞེས་གསུངས་པ་རེད། 
རྩོམ་སྒྲིག་པ། བདེ་སྒྲོན།