ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

བོད་ལྗོངས་ཀྱི་སྦྲག་སྲིད་མྱུར་སྐྱེལ་ཞབས་ཞུ་ཁྱོན་ཡོངས་ལ་ཁྱབ་འདུག

སྤེལ་དུས 2024-02-02 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།

         གསར་འགོད་པས2024ལོའི་བོད་ལྗོངས་ཡོངས་ཀྱི་སྦྲག་སྲིད་དོ་དམ་ལས་དོན་ཚོགས་འདུའི་ཐོག་ཤེས་རྟོགས་བྱས་པར་གཞིགས་ན། 2023ལོར་བོད་ལྗོངས་ཀྱི་སྦྲག་སྲིད་སྡེ་ཚན་གྱིས་སྦྲག་སྲིད་མྱུར་སྐྱེལ་ཁེ་ལས་ལ་ཞབས་འདེགས་དང་ལྟ་འདོམས་བྱ་རྒྱུར་དམ་འཛིན་བྱས་ནས་འཛད་སྤྱོད་ལ་སྐུལ་འདེད་དང་། དམངས་འཚོར་ཞབས་འདེགས། དཔལ་འབྱོར་རྒྱུན་འཁོར་ཤར་བགྲོད། ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་ཡོད་པ་རེད། ལོ་ཧྲིལ་བོར་སྦྲག་སྲིད་ལས་རིགས་ཀྱི་བསྐུར་སྐྱེལ་ལས་སྒོ་ངོ་གྲངས་དུང་ཕྱུར1.91དང་ལས་སྒོའི་ཡོང་འབབ་སྒོར་དུང་ཕྱུར10.14ལེགས་སྒྲུབ་བྱས་ནས་དུས་མཚུངས་ལས7.9%དང36.33%སོ་སོར་འཕར་ཡོད། དེའི་ནང་མྱུར་སྐྱེལ་ལས་སྒོ་ངོ་གྲངས་དུང་ཕྱུར0.22དང་ལས་སྒོའི་ཡོང་འབབ་སྒོར་དུང་ཕྱུར6.09ཟིན་ནས་དུས་མཚུངས་ལས79.78%དང35.85%སོ་སོར་འཕར་ཡོད་པ་རེད། སྦྲག་སྐྱེལ་ལས་སྒོ་ངོ་གྲངས་དུང་ཕྱུར1.22ལེགས་སྒྲུབ་བྱས་པ་དེ་དུས་མཚུངས་ལས147.1%འཕར་ཡོད་པ་རེད།

         བོད་ལྗོངས་སྦྲག་སྲིད་སྡེ་ཚན་གྱིས་བསྐུར་སྐྱེལ་མ་ལམ་དང་མཐའ་སྣེའི་ཞབས་ཞུའི་ནུས་པ་ཆེ་རུ་བཏང་ཞིང་། མིག་སྔའི་བར་བོད་ལྗོངས་ཡོངས་སུ་སྦྲག་སྲིད་མྱུར་སྐྱེལ་ཡོངས་ཁྱབ་ཞབས་ཞུའི་ལས་གཉེར་ས་ཚིགས754དང་། གྲོང་ཚོའི་སྦྲག་སྲིད་ས་ཚིགས4641དང་། མྱུར་སྐྱེལ་ཞབས་ཞུའི་ས་ཚིགས657བཅས་ཟིན་ནས་སྦྲག་སྲིད་མྱུར་སྐྱེལ་ཞབས་ཞུ་ཁྱོན་ཡོངས་ལ་ཁྱབ་ཡོད་པར་མངོན་འགྱུར་བྱུང་ཡོད་པ་རེད། སྒྲིག་ཚུད་གྲོང་ཚོར་གཟའ་འཁོར་རེར་ཉིན་ལྔ་དུས་གཏན་སྐྱེལ་མཁན1425ཡོད་པ་དེ2022ལོ་ལས706མང་དུ་ཕྱིན་ཞིང་།བོད་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ལ་ཞབས་ཞུ་དང་འཛད་སྤྱོད་ཀྱི་འདེགས་སྐྱོར་བྱས་ཏེ་བོད་ལྗོངས་ཡོངས་སུ་ཁྱབ་པའི་མཐུན་སྒྲིལ་དང་བདེ་སྐྱིད་བརྒྱུད་སྤྲོད་བྱེད་པའི་བསྐུར་སྐྱེལ་དྲ་བ་ཞིག་བཏོད་ཡོད་པ་རེད།

        མིག་སྔར་བོད་ལྗོངས་ཀྱི་གྲོང་ཁྱེར(ས་ཁུལ)ལྔ་ཡི་གྲོང་གསེབ་ཏུ་བསྐུར་སྐྱེལ་རླངས་འཁོར་ཁྱབ་ཚད100%ཟིན་པ་དང་། བོད་ལྗོངས་ཡོངས་ཀྱི་གྲོང་གསེབ་ཏུ་བསྐུར་སྐྱེལ་རླངས་འཁོར་ཁྱབ་ཚད80%ཟིན་པ། སྦྲག་རྫས་སྐྱེལ་ཡུན་ཉིན1ནས2བར་མགྱོགས་སུ་ཕྱིན་ནས་གྲོང་གསེབ་ཀྱི་འཁོར་རྒྱུག་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་རྒྱུར་ཞབས་འདེགས་ཞུ་བའི་ནུས་པ་སྔར་བས་ཆེ་རུ་ཕྱིན། གྲོང་གསེབ་ཀྱི་བསྐུར་སྐྱེལ་ཟོག་འགྲེམས་མ་ལག་གིས“བོད་ཟོག་བོད་ནས་བསྐུར་བར”རམ་འདེགས་བྱས་པར་ཕན་འབྲས་ཐོན་པ་དང་ལོ་ཧྲིལ་བོར་སྦྲག་སྲིད་དང་མཉམ་ལས་བྱས་ཏེ་བསྐུར་མ་ཁྲི205.21བསྐུར་བར་ཡོང་འབབ་སྒོར་ཁྲི1612.70བྱུང་ཡོད། བོད་ལྗོངས་ཡོངས་ཀྱིས་སྦྲག་སྲིད་མྱུར་སྐྱེལ་དྲ་བར་བརྟེན་ནས་ཞིང་ཞོར་ཁྱད་ལྡན་ཐོན་རྫས་བསྐུར་སྐྱེལ་རིན་ཐང་སྒོར་དུང་ཕྱུར21.77ཟིན་ནས་གྲོང་གསེབ་དར་རྒྱས་དང་ཞིང་འབྲོག་མང་ཚོགས་ལ་འབབ་འཕར་ཡོང་བར་ཞབས་འདེགས་ནུས་ལྡན་ཞུས་ཡོད།

       བོད་ལྗོངས་སྦྲག་སྲིད་སྡེ་ཚན་གྱིས་ད་དུང་མྱུར་སྐྱེལ་ཁྲོམ་རའི་སྒྲིག་ལམ་བཅོས་སྒྲིག་བྱས་ནས་ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་བཏང་བ་དང་བསྐུར་སྐྱེལ་ཞབས་ཞུའི་ཆུ་ཚད་སྔར་བས་མཐོ་རུ་བཏང་ཡོད། མྱུར་སྐྱེལ་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་བའི་ཆེད་དོན་བྱ་སྤྱོད་གཙོ་གནད་ཐོག་སྤེལ་ཏེ། ཁ་ཆད་ལྟར་སྐྱེལ་སྤྲོད་མ་བྱས་པ་དང་གྲོང་གསེབ་ཀྱི་མྱུར་སྐྱེལ་ཞབས་ཞུར་སྒྲིག་འགལ་ངང་གྲོན་དངུལ་བསྡུ་བ་སོགས་ཀྱི་མངོན་གསལ་དོད་པའི་གནད་དོན་བཅོས་སྒྲིག་བྱས་པས་མི་རིགས་ཁག་གི་མང་ཚོགས་ཀྱིས་སྦྲག་སྲིད་ལ་བློས་འགེལ་ཚད་ཆེ་རུ་ནུས་ལྡན་ཕྱིན་ཡོད་པ་རེད། དྲ་ཐོག་ཚོང་པ་དང་མྱུར་སྐྱེལ་ཁེ་ལས་ཀྱི་སྤྱི་ཁྱབ་པུའུ་དང་འབྲེལ་གཏུག་ཧུར་ཐག་བྱས་ནས་བོད་ལྗོངས་ལ་སྦྲག་གླ་ལེན་པ་དང་ཅ་ལག་མི་བསྐུར་བའི་གནད་དོན་ཐག་གཅོད་བྱས་ཡོད། གོང་ཞུ་དང་ཞུ་གཏུག་ཐག་གཅོད་བྱེད་པའི་ཆུ་ཚད་མཐོ་རུ་བཏང་ནས་འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་འགན་སྲུང་ཏན་ཏིག་བྱས་པ་རེད། ལོ་ཧྲིལ་བོར་འཛད་སྤྱོད་པའི་ཞུ་གཏུག་ངོ་གྲངས570མཐུན་སྦྱོར་ངང་ཐག་གཅོད་ཧུར་ཐག་བྱས་ནས་འཛད་སྤྱོད་པར་དཔལ་འབྱོར་གྱི་གྱོང་གུན་སྒོར་ཁྲི70.28མི་ཕོག་པར་བྱས་ཡོད།

       ངོ་སྤྲོད་བྱས་པར་གཞིགས་ན། 2024ལོར་བོད་ལྗོངས་ཀྱི་སྦྲག་སྲིད་སྡེ་ཚན་གྱིས་བོད་རང་སྐྱོང་ལྗོངས་ཀྱི་ཕྱོགས་བསྡུས་འགྲིམ་འགྲུལ་དྲ་བར་བརྟེན་ནས་སྦྲག་སྲིད་མྱུར་སྐྱེལ་ལྟེ་གནས་ཀྱི་ནུས་པ་ཆེར་གཏོང་འདུ་འགོད་ལག་བསྟར་བྱས་ཏེ“ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་ལས་གྲྭའི་རྣམ་གྲངས་གལ་ཆེན་འཛུགས་སྐྲུན་ལག་ལེན་བསྟར་མགྱོགས་སུ་བཏང་སྟེ་འགྲིམ་འགྲུལ་རྒྱལ་ཁབ་སྟོབས་ཆེན་སྐྲུན་པའི་སྦྲག་སྲིད་སྡེ་ཚན་གྱི་སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེར་གཏོང་ལ་སྐུལ་འདེད་གཏོང་བ་དང་། ཚོང་དོན་འགྲིམ་འགྲུལ་དང་། སྔོན་ཐོན་བཟོ་སྐྲུན། དེང་རབས་ཞིང་ལས། དངུལ་རྩའི་འཕྲིན་གཏོང་སོགས་མཐུན་སྦྱོར་ཇེ་ཟབ་ཏུ་བཏང་ནས། ཆུ་ཚད་དེ་བས་མཐོ་བའི་སྒོ་ནས་ཐོན་ལས་འཁོར་འབྲེལ་དང་གསར་གཏོད་འཁོར་འབྲེལ་ནང་འཇུག་པ། གྲོང་ཚོ་རིམ་པའི་མྱུར་སྐྱེལ་ཟོག་འགྲེམས་ཕྱོགས་བསྡུས་ཞབས་ཞུའི་ས་ཚིགས(གྲོང་ཚོའི་སྦྲག་སྲིད་ས་ཚིགས)དང་མྱུར་སྐྱེལ་ཞབས་ཞུ་འབྲེལ་མཐུད་ནུས་ལྡན་ཐུབ་རྒྱུར་སྐུལ་འདེད་བཏང་སྟེ“སྦྲག་མྱུར་མཉམ་ལས”གཏིང་ཟབ་ཏུ་གཏོང་བ་དང་གྲོང་གསེབ་དར་རྒྱས་གཏོང་རོགས་བྱས་ནས་གྲོང་གསེབ་ཀྱི་དྲ་ཐོག་ཚོང་དོན་དང་མྱུར་སྐྱེལ་མཐུན་སྦྱོར་འཕེལ་རྒྱས་ཀྱི་དཔེ་སྟོན་འཛུགས་གཏོད་ལས་དོན་ལ་རྒྱུན་མཐུད་སྐུལ་འདེད་གཏོང་བ། ཞང་གྲོང་སྐྱེལ་འདྲེན་ཞབས་ཞུའི་ས་ཚིགས་དང་འགྲིམ་འགྲུལ་དང་སྦྲག་སྲིད་མཉམ་འབྲེལ་སྐྱེལ་འདྲེན་བྱེད་པའི་སྦྲག་སྐྱེལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ། “འགྲིམ་འགྲུལ་དང་སྦྲག་སྲིད་མཉམ་འདྲེས”ཇེ་ཟབ་ཏུ་གཏོང་བ། གྲོང་གསེབ་ཀྱི“འགྲུལ་ཟོག་སྦྲག་གསུམ”མཉམ་འདྲེས་འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་བ་བཅས་བྱས་ནས་སྦྲག་སྲིད་ཀྱི་ཡོངས་ཁྱབ་ཞབས་ཞུ་དོ་སྙོམས་ཅན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད།


 

རྩོམ་སྒྲིག་པ། མང་ག་མཚོ།