ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ཤིང་ཕོ་འབྲུག་ལོའི་ལོ་གསར་ལ་བཀྲ་ཤིས་བདེ་ལེགས་ཞུ།

སྤེལ་དུས 2024-02-07 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
              བོད་ཀྱི་ལོ་གསར་ནི་བོད་རིགས་ཀྱི་སྲོལ་རྒྱུན་དུས་ཆེན་ཞིག་ཡིན་ཞིང་། དེ་ནི་ལོ་རྒྱུས་ཡུན་རིང་ལྡན་པའི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཅིག་རེད། ཐང་རྒྱལ་རབས་ཀྱི་གོང་ལ་བོད་རིགས་ཀྱིས་གྲོ་སྨིན་དུས་ལ་གཞིགས་ཏེ་ལོ་གསར་ག་དུས་རོལ་བ་གཏན་འཁེལ་བྱེད་པ་ཡིན། འུན་ཤིང་ཀོང་ཇོ་བོད་དུ་ཕེབས་རྗེས། ཐང་རྒྱལ་རབས་དང་བཙན་པོའི་རྒྱལ་རབས་དབར་འགྲོ་འོང་དམ་ཟབ་བྱེད་འགོ་ཚུགས་ཡོད། ཀྲུང་ཡོན་གྱི་རིག་གནས་དང་མཐོ་སྒང་རིག་གནས་གཉིས་སྤེལ་རེས་བྱས་པ་དང་བསྟུན་ནས། སྐར་རྩིས་ཚུད་པའི་ཀྲུང་ཡོན་གྱི་རིག་གནས་མང་པོ་ཞིག་རིམ་བཞིན་མཚོ་བོད་མཐོ་སྒང་འདི་རུ་དར་བ་རེད།
              ཐོ་འགོད་བྱས་པར་གཞིགས་ན། སྤྱི་ལོའི་སྔོན་གྱི་ལོ100ལྷག་ཙམ་ནས་བོད་ལྗོངས་ལ་སྐར་རྩིས་བརྩི་སྟངས་ཡོད་ཅིང་། སྐབས་དེ་དུས་ཀྱི་ལོ་གསར་ཚེས་གཅིག་ནི་ད་ལྟའི་བོད་ཟླ་བཅུ་གཅིག་པའི་ཚེས་གཅིག་ཉིན་རེད། ད་ལྟའི་བོད་ཀྱི་ལོ་གསར་གཏོང་སྲོལ་ནི་གོང་མ་སུང་རེན་ཙུང་ཁྲི་ལོ་ལྔ་པ(སྤྱི་ལོ1027)ནས་དངོས་སུ་སྤྱོད་འགོ་ཚུགས་ཤིང་། སྐབས་དེར་ལུགས་རྙིང་ལོའི་ཡོས་ལོ་དང་ཏག་ཏག་འཁེལ་བས་ཡོས་ལོ་ནས་སྤྱོད་འགོ་ཚུགས་ཡོད། བོད་ཀྱི་ལོ་གསར་དང་ལུགས་རྙིང་ལོའི་ལོ་གསར་གཉིས་ཀྱི་རྩིས་བྱེད་སྟངས་མི་འདྲ་བས། བོད་ཀྱི་ལོ་གསར་དང་ལུགས་རྙིང་ལོའི་ལོ་གསར་དུས་གཅིག་ཏུ་འཁེལ་བ་དང་། ཧེ་བག་ཉིན་གཅིག་ཡོད་པ། ཧེ་བག་ཟླ་གཅིག་ཡོད་པའམ་ཡང་ན་ཟླ་བ་གཅིག་དང་ཉིན་གཅིག་ཡོད་པ་བཅས་ཀྱི་གནས་ཚུལ་རིགས་བཞི་ཐོན་གྱི་ཡོད། 

བོད་ཀྱི་ལོ་གསར་འཆར་ཉེའི་མཚམས་སུ་མི་རྣམས་ཀྱིས་ཚོན་སྣ་ལྔའི་ལོ་གསར་མེ་ཏོག་ཉོ་བཞིན་པ།
              བོད་ཀྱི་ལོ་གསར་ནི་བོད་རིགས་མི་དམངས་ཀྱིས་ལོ་གཅིག་ནང་མཐོང་ཆེན་བྱེད་པའི་ཆེས་གཟབ་རྒྱས་དང་སྤྲོ་སྣང་ལྡན་ཤོས་ཀྱི་སྲོལ་རྒྱུན་དུས་ཆེན་ཞིག་ཡིན་ཞིང་། ལོ་གསར་པར་བསུ་བ་ཞུ་ཆེད། བོད་རིགས་ཞིང་པ་ཚོས་བརྔ་བསྡུ་བྱེད་སྐབས། འབྲེག་པའི་ནས་འགོ་མ་དེ་ཉར་ཏེ་ལོ་གསར་དགའ་གཏོང་བྱེད་སྐབས་ལྷར་མཆོད་པ་འབུལ་བའི་འབུལ་རྫས་སུ་ཕུལ་བ་དང་། འབྲོག་པ་ཚོས་བ་མོ་དང་འབྲི་མོ་སོགས་ཀྱིས་བེའུ་སྐྱེས་ཐེངས་རེའི་འོ་མ་དཀྲོགས་ནས་མར་བཏོན་ཏེ་ལོ་གསར་སྐབས་ལྷར་མཆོད་པ་འབུལ་གྱི་ཡོད་ལ། བོད་རིགས་མི་དམངས་ཚོས་ལོ་གཅིག་རིང་གྱོན་མི་ཕོད་པར་སྒམ་ནང་དུ་ཉར་བའི་གོས་ཡག་ཤོས་དག་གྱོན་པ་དང་འབྲེལ། ཁང་པའི་ཕྱིའི་གྱང་ངོས་ལ་དཀར་རག་བྱུག་ནས་དཀར་ཞིང་གཙང་ལ་མཛེས་པར་བྱེད་པ་དང་།  ཁང་པའི་ནང་ངོས་ལ་གཙང་སྦྲ་བྱས་ནས་གཙང་ཞིང་གྲལ་འགྲིག་པར་བྱེད་ཀྱི་ཡོད། ལོ་གསར་གྱི་མཁོ་ཆས་གྲ་སྒྲིག་བྱེད་པའི་བརྒྱུད་རིམ་ནང་ཁྱིམ་ཚང་ཚང་མས་ད་དུང་ཕྱེ་མར་བཟོ་དགོས་ཤིང་། ཕྱེ་མར་ཟེར་བ་དེ་ཚོན་རིས་བྲིས་པའི་ཕྱེ་མར་འབོའི་གཡས་གཡོན་དུ་གྲོ་ཡོས་དང་རྩམ་པ་བླུགས་པའི་ཐོག་ནས་འགོ་དང་མར་གྱིས་བཟོས་པའི་མེ་ཏོག་འཛུགས་ཀྱི་ཡོད། དེ་དང་ཆབས་ཅིག་བོད་རིགས་ཁྱིམ་འཛིན་མ་ཚོས་ནས་ཕོར་པ་གང་ཆུ་ནང་དུ་སྦངས་ནས་སའི་ནང་བཏབ་སྟེ་ལོ་གསར་སྐབས་ལྗང་སྨྱུག་ཚུན་གང་ནས་དོ་བར་སྐྱེ་ཐུབ་པ་བྱས་ཏེ། ལོ་གསར་གཏོང་སྐབས་ཕྱེ་མར་དང་ལོ་ཕུད་མཆོད་གཤོམ་གྱི་དཀྱིལ་དུ་བཞག་ནས་ལོ་རྗེས་མར་འབྲུ་རིགས་སྣ་ལྔར་ལོ་ལེགས་ཡོང་བར་སྨོན་ལམ་འདེབས་ཀྱི་ཡོད། གོང་གི་དེ་དག་སོགས་ལས་བོད་རིགས་མི་དམངས་ཀྱིས་ལོ་གསར་ལ་བཅངས་པའི་དམིགས་བསལ་གྱི་བརྩེ་སེམས་དང་མཐོང་ཆེན་བྱེད་ཚད་མཚོན་གྱི་ཡོད།  
              ལོ་གཅིག་དུས་གཅིག་གི་དུས་ཆེན་གཟབ་རྒྱས་ཤིག་ཡིན་པའི་བོད་ཀྱི་ལོ་གསར་རིང་། གཉེན་ཉེ་དང་གྲོགས་པོ་ཕན་ཚུན་མགྲོན་པོར་ཕྱིན་ནས་ལོ་གསར་གྱི་སྨོན་འདུན་ཞུ་རེས་བྱེད་པ་དང་། ཕན་ཚུན་ཁ་བཏགས་སྒྲོན་རེས་བྱེད་པ། ཕན་ཚུན་བཀྲ་ཤིས་བདེ་ལེགས་སམ་ལོ་གསར་བཟང་ཞེས་བརྗོད་རེས་བྱེད་ཀྱི་ཡོད། གཞན་ཡང་ཤོག་སྦག་རྒྱག་བ་དང་། ནས་ཆང་འཐུང་བ། ཇ་བསྲུབས་མ་འཐུང་བ་སོགས་ནི་དུས་ཆེན་རིང་མེད་དུ་མི་རུང་བའི་རྟེན་འབྲེལ་མཚོན་ཐབས་ཤིག་ཡིན་པ་མ་ཟད། གླུ་གར་ལ་མཁས་པའི་བོད་རིགས་མི་དམངས་ཚོས་ལོ་གསར་གཏོང་རིང་ད་དུང་རང་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་གང་ལེགས་མངོན་པར་བྱེད་ཀྱི་ཡོད། ཐང་ཆེན་དང་རྩྭ་ཐང་དུ་ལྷ་མོ་དང་སྒོར་གཞས་འཁྲབ་ནས། གྲོང་ཁྱེར་དང་གྲོང་གསེབ་དང་། ཞིང་ཁུལ་དང་འབྲོག་ཁུལ་གང་ཡིན་རུང་གང་སར་དགའ་སྤྲོའི་རྣམ་པས་ཁེངས་ཡོད། གོང་གསལ་བྱེད་སྒོ་དེ་དག་ཕུད་ད་དུང་སྦེ་ག་འགྲན་པ་དང་། ཐག་པ་འཐེན་པ། རྟ་རྒྱུག་འགྲན་བསྡུར། མདའ་འཕེན་པ་སོགས་སྲོལ་རྒྱུན་གྱི་དམངས་སྲོལ་བྱེད་སྒོ་མང་དག་ཅིག་ཀྱང་མཚམས་འདིར་སྤེལ་གྱི་ཡོད་པས། བོད་ཀྱི་ལོ་གསར་ནི་ཟ་རྒྱུ་དང་གྱོན་རྒྱུ་ཡག་པའི་རོལ་རྩེད་དུས་ཆེན་ཞིག་ཡིན་པ་ཙམ་མ་ཟད། བོད་རིགས་མི་དམངས་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འབྲུག་འཕྱོ་སྟག་མཆོང་དང་ཞི་བས་དར་རྒྱས་ཡོང་བའི་བསམ་འདུན་བཟང་པོ་བཅངས་པའི་སྨོན་འདུན་བཟང་པོ་ཞིག་ཀྱང་རེད་ཅེས་བརྗོད་ཆོག