ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི། བརྗོད་གཙོའི་ལག་ལེན་བྱེད་སྒོ་སྤེལ།

སྤེལ་དུས 2021-09-14 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
          ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་གཏིང་ཟབ་སྤེལ་ཆེད་དང་། ཏང་དང་རྒྱལ་ཁབ་ཀྱི་མི་རིགས་ཀྱི་རིགས་པའི་གཞུང་ལུགས་དང་སྲིད་ཇུས། མི་རིགས་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་དྲིལ་བསྒྲགས་དང་སློབ་གསོར་སྐུལ་འདེད་གཏིང་ཟབ་གཏོང་ཆེད། ཉེ་ཆར་ནག་ཆུ་གྲོང་ཁྱེར་སོག་རྫོང་རི་སྤུངས་དགོན་དོ་དམ་ཨུ་ལྷན་གྱི་ཏང་ཀྲི་པུས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བརྗོད་དོན་གཙོ་བོའི་ལག་ལེན་བྱེད་སྒོ་སྤེལ་ཡོད་པ་དང་། དགོན་སྡེར་བཅའ་སྡོད་ལས་བྱེད་པ་དང་བཙུན་མ་རྣམས་བྱེད་སྒོར་ཧུར་ཐག་ངང་ཞུགས་ཡོད། དགོན་སྡེ་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་བསོད་ནམས་བདེ་སྐྱིད་ཀྱིས་བྱེད་སྒོ་གཙོ་སྐྱོང་གནང་ཡོད།

          ད་ཐེངས་ཀྱི་བྱེད་སྒོར་ཆེད་མངགས་སོག་རྫོང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུད་དང་སྨན་བཅོས་འགན་བཅོལ་ཅུད་ཀྱི་ལས་དོན་མི་སྣ་གདན་འདྲེན་ཞུས་ཏེ། ཏང་ཡོན་ལས་བྱེད་པ་དང་དགོན་སྡེའི་བཙུན་མ་རྣམས་ལ་རྒན་གསོ་འགན་བཅོལ་དང་སྨན་བཅོས་འགྲོ་སོང་རྩིས་ཞུ་སོགས་ཞིང་དར་དམངས་ཕན་གྱི་སྲིད་ཇུས་ཁག་འགྲེལ་བཤད་བརྒྱབ་ཡོད། དེ་དང་དུས་མཚུངས། དགོན་སྡེ་དོ་དམ་ཨུ་ལྷན་གྱི་ལས་བྱེད་པས་བྱེད་སྒོར་ཞུགས་མཁན་རྣམས་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་མི་རིགས་ལས་དོན་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་རྒྱས་བཤད་བྱས་པ་དང་། བཙུན་མ་རྣམས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་ལས་དོན་ནང་ཧུར་ཐག་ངང་ཞུགས་དགོས་པའི་འབོད་སྐུལ་བྱས་པ་དང་། 《བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་གསར་གཏོད་སྲོལ་ཡིགལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། ཏང་གི་བཀའ་དྲིན་ཚོར་བ་དང་ཏང་གི་བཀའ་ལ་ཉན་པ་དེ་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་གི་བྱ་སྤྱོད་དངོས་ཀྱི་ཁྲོད་དོན་འཁྱོལ་བྱེད་དགོས་པའི་འབོད་སྐུལ་བྱས་ཡོད་པ་རེད།

          ཤེས་རྟོགས་བྱུང་བར་གཞིགས་ན། ཏང་གི་དགོན་ཕན་གྲྭ་ཕན་གྱི་བྱེད་ཐབས་དོན་འཁྱོལ་དང་ཞིབ་ཚགས་སུ་བཏང་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་ལས་དོན་ལ་སྐུལ་འདེད་ཏན་ཏིག་གཏོང་ཆེད། རི་སྤུངས་དགོན་དོ་དམ་ཨུ་ལྷན་གྱིས་འཕྲེད་འགེལ་སྦྱར་ཡིག་བཀལ་བ་དང་བློ་འདྲིའི་སྟེགས་བུ་བཙུགས་པ་སོགས་ཀྱི་རྣམ་པའི་ཐོག་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྔོན་ཐོན་ཁུལ་གཏོད་པའི་ལས་དོན་སྤེལ་ཚུན་གྱི་འགོ་ཁྲིད་ཚན་ཁག་འཛུགས་སྐྱོང་དང་། དྲིལ་བསྒྲགས་སློབ་གསོ་སྤེལ་བ། ཞབས་ཞུའི་ཆུ་ཚད་མཐོར་གཏོང་སོགས་ཀྱི་ལས་དོན་ཁག་ལ་ཐོབ་པའི་ཕན་འབྲས་གཅིག་སྡུད་ཐོག་མངོན་ཡོད། དེ་བཞིན་སོག་རྫོང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུད་དང་སྨན་བཅོས་འགན་བཅོལ་ཅུད་ཀྱི་ལས་བྱེད་པས་ལས་ཡུལ་དངོས་སུ་དོན་དངོས་དཔེ་རུ་དྲངས་ནས་གནས་ལུགས་བཤད་པའི་ཐབས་ལ་བརྟེན་ནས་ཚང་མས་དོ་ཁུར་དང་དོ་སྣང་བྱེད་པའི་དཀའ་གནད་དང་གླེང་མང་བའི་གནད་དོན་ལ་ལན་བརྒྱབ་ཡོད་པ་རེད།

          གོ་བརྡ་འཕྲོད་བདེ་བའི་སྐད་བརྡ་དང་དམར་ཁྲིད་རྣམ་པའི་ཐོག་ནས་ཤེས་དགོས་པའི་ཤེས་བྱའི་གནས་རྣམས་རྒྱས་བཤད་བྱས་ནས། རྒྱ་ཆེའི་བཙུན་མ་རྣམས་ལ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྒན་གསོ་དང་སྨན་བཅོས་འགན་བཅོལ་སྐོར་གྱི་སྲིད་ཇུས་དང་ཁྲིམས་སྲོལ་གསར་ཤོས་ཤེས་རྟོགས་བྱེད་དུ་བཅུག་ཡོད་པས། རྒྱ་ཆེའི་ལས་བྱེད་པ་དང་བཙུན་མ་རྣམས་ཀྱི་གདེང་འཇོག་བཟང་པོ་ཐོབ་ཡོད། ཁོང་ཚོས། ད་ཐེངས་ཀྱི་བྱེད་སྒོ་སྤེལ་བར་དོན་སྙིང་ཧ་ཅང་ཆེན་པོ་ལྡན་ཡོད། ཏང་དང་རྒྱལ་ཁབ་ཀྱི་མི་རིགས་ཀྱི་རིགས་པའི་གཞུང་ལུགས་དང་སྲིད་ཇུས། མི་རིགས་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ། མི་རིགས་ཀྱི་གཞི་རྩའི་ཤེས་བྱ་བཅས་སློབ་སྦྱོང་ཐུབ་པ་མ་ཟད། ད་དུང་སྤྱི་ཚོགས་འགན་སྲུང་དང་སྨན་བཅོས་འགན་བཅོལ་སོགས་ཀྱི་ཤེས་བྱ་སྔར་བས་ཡག་པ་ཤེས་རྟོགས་ཐུབ་བྱུང་། སླད་ཕྱིན་ང་ཚོས་ཁ་འབྲལ་ཐབས་མེད་པ་གསུམ་དང་ངོས་འཛིན་གཅིག་མཐུན་ལྔའི་འདུ་ཤེས་བརྟན་པོ་བཙུགས་ནས་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་དེ་བས་བཀྲག་མདངས་ལྡན་པའི་ངང་བཞད་ཐུབ་པ་བྱ་ངེས་ཡིན་ཞེས་བཤད་ཡོད་པ་རེད།

          ད་ཐེངས་ཀྱི་བྱེད་སྒོ་སྤེལ་བ་བརྒྱུད། མི་སེམས་གཅིག་ཏུ་འགྲིལ་བ་དང་མཐུན་སྒྲིལ་སྔར་བས་ཟབ་ཏུ་ཕྱིན་ཡོད་ཅིང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་ལས་དོན་ཐད་ཀྱི་བསམ་བློའི་ངོས་འཛིན་ཆེ་རུ་ཕྱིན་ཡོད་པ་དང་། ལས་བྱེད་པ་དང་བཙུན་མའི་བར་གྱི་བརྩེ་དུང་ཟབ་ཏུ་ཕྱིན་ཡོད་ཅིང་། དགོན་སྡེའི་བཙུན་མ་རྣམས་ཀྱི་བློ་ཡིད་ཚིམ་ཚད་དང་བདེ་སྐྱིད་ཚོར་སེམས་ཆེ་རུ་ཕྱིན་ནས་བརྟན་ལྷིང་དང་ཞི་མཐུན་གྱི་དགོན་སྡེ་བསྐྲུན་རྒྱུར་རྨང་གཞི་བཏིང་ཡོད་པ་རེད།
རྩོམ་སྒྲིག་པ། བསྟན་ཆོས།