ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

བཙོན་མ་འདི་བཙོན་ནས་བྲོས་ཏེ་ཉིན41སོང་རྗེས་ད་ལྟ་འཛིན་བཟུང་བྱས་འདུག

སྤེལ་དུས 2021-11-29 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།

      2021ལོའི་ཟླ10པའི་ཚེས18ཉིན་གྱི་ཆུ་ཚོད18ཙམ་ལ། ཅི་ལིན་བཙོན་ཁང་གི་བཙོན་མ་ཀྲུའུ་ཞན་ཅན་གྱིས་ལས་མཚམས་འཇོག་པའི་དུས་ཚོད་སྤྱད་དེABསྒོའི་ཆར་གཡབ་ཐོག་འཛེགས་ནས་བཙོན་ཁང་གི་མཁར་གྱང་བརྒལ་ཏེ་བཙན་གྱིས་བྲོས་པ་རེད།
      ཟླ11པའི་ཚེས28ཉིན་ཅི་ལིན་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་སྐད་འཕྲིན་སྤྱི་སྟེགས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། 2021ལོའི་ཟླ11པའི་ཚེས28ཉིན་གྱི་ཆུ་ཚོད10ཙམ་ལ་ཅི་ལིན་བཙོན་ཁང་ནས་བྲོས་པའི་བཙོན་མ་ཀྲུའུ་ཞན་ཅན་ཅི་ལིན་ཉེན་རྟོག་ཕྱོགས་ཀྱིས་འཛིན་བཟུང་བྱས་འདུག


       སྨྱན་སྦྱོར་གྱིས་དེ་སྔོན་གནས་ཚུལ་སྤེལ་བར་གཞིགས་ན། 2021ལོའི་ཟླ10པའི་ཚེས18ཉིན་གྱི་ཆུ་ཚོད18ཙམ་ལ། ཅི་ལིན་བཙོན་ཁང་གི་བཙོན་མ་ཀྲུའུ་ཞན་ཅན་གྱིས་ལས་མཚམས་འཇོག་པའི་དུས་ཚོད་སྤྱད་དེABསྒོའི་ཆར་གཡབ་ཐོག་འཛེགས་ནས་བཙོན་ཁང་གི་མཁར་གྱང་བརྒལ་ཏེ་བཙན་གྱིས་བྲོས་པ་དང་གར་སོང་ཆ་མེད་དུ་གྱུར། དེ་རྗེས་ཉེན་རྟོག་པས་བྱ་དགའ་སྒོར་ཁྲི70བྱིན་ནས་འཛིན་གྲབས་བྱས།
      ཀྲུང་གོའི་ཁྲིམས་གཅོད་ཡིག་རིགས་དྲ་ལམ་བརྒྱུད་དེ་ཞུ་སྦྱོར་ཕྱི་མ་ཀྲུའུ་ཞན་ཅན་གྱིས་རྒྱལ་མཚམས་ལྐོག་བརྒལ་དང་འཕྲོག་བཅོམ། རྐུ་འཕྲོག་བཅས་ཀྱི་བྱས་ཉེས་བསགས་པའི་འདྲི་ཞིབ་དང་པོའི་ཉེས་དོན་བཅད་ཁྲ་དེ་མཐོང་ཐུབ་ལ། གཞན་ཡང་ཀྲུའུ་ཞན་ཅན་ལ་སྔོན་ཆད་ཐེངས་གཉིས་ལ་ཁྲིམས་ཆད་ཆག་ཡང་དུ་བཏང་མྱོང་།
      འདྲི་ཞིབ་དང་པོའི་ཉེས་དོན་བཅད་ཁྲ་ལས་མངོན་པ་ལྟར་ན། 2014ལོའི་ཟླ4པར་ཀྲུའུ་ཞན་ཅན་གྱིས་རྒྱལ་མཚམས་ལྐོག་བརྒལ་དང་། རྐུ་འཕྲོག འཕྲོག་བཅོམ་བཅས་ཀྱི་བྱེས་ཉེས་བསགས་པར་བརྟེན་ཉེས་མང་སྡེབ་གཅོད་བྱས་ནས་དུས་བཀག་བཙོན་འཇུག་ལོ་བཅུ་གཅིག་དང་ཟླ་བ་གསུམ་ལ་ལག་བསྟར་བྱ་རྒྱུའི་གཏན་འབེབས་བྱས་པ་དང་འབྲེལ་དངུལ་ཆད་སྒོར16000བཅད་དེ་རྒྱལ་ཁོངས་ནས་ཕྱིར་འབུད་གཏོང་རྒྱུའི་ཐག་བཅད།
      2017ལོར་ཅི་ལིན་ཞིང་ཆེན་ཅི་ལིན་བཙོན་ཁང་གིས་ཉེས་ཆད་ཆག་ཡང་དུ་གཏོང་རྒྱུའི་གྲོས་འགོའི་ཡི་གེ་བཏོན་ཞིང་། གྲོས་འགོའི་ཡི་གེའི་ནང་བཙོན་མ་དེས་ཁྲིམས་ཆད་འཁུར་སྐབས་ནག་ཉེས་ལ་འགྱོད་བཤགས་བྱས་པ་དང་། བཅའ་ཁྲིམས་དང་ཁྲིམས་སྲོལ། དེ་བཞིན་བཙོན་ཁང་གི་སྒྲིག་ཁྲིམས་བཅས་ལ་བརྩི་སྲུང་ནན་ཏན་བྱས་ནས་བསམ་བློ་དང་། རིག་གནས། ལས་རིགས་ལག་རྩལ་བཅས་ཀྱི་སློབ་གསོའི་ནང་ཧུར་ཐག་གིས་ཞུགས་པ་དང་། ངལ་རྩོལ་ནང་འབད་པ་ཆེན་པོས་ཞུགས་ཏེ་སྔ་འགྱོད་ཕྱི་འདོམས་ཀྱི་ནུས་པ་དངོས་འབྲེལ་ཐོན་ཡོད། ཅི་ལིན་ཞིང་ཆེན་ཅི་ལིན་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཀྲུའུ་ཞན་ཅན་ལ་ཁྲིམས་ཆད་འཁུར་སྐབས་བཙོན་ཁང་གི་སྒྲིག་ལམ་ལ་བརྩི་སྲུང་ནན་ཏན་ཞུས་པ་དང་སློབ་གསོ་སྒྱུར་བཀོད་དང་ལེན་བྱས་ཏེ་དངོས་གནས་སྔ་འགྱོད་ཕྱི་འདོམས་ཀྱི་རྣམ་འགྱུར་ལེགས་པོ་ཡོད་ཅིང་། ཁྲིམས་བཀོད་ཉེས་ཆད་ཆག་ཡང་དུ་གཏོང་བའི་ཆ་རྐྱེན་ལྡན་པས་བཙོན་མ་ཀྲུའུ་ཞན་ཅན་ལ་དུས་བཀག་བཙོན་འཇུག་ཟླ་བ་དྲུག་ཇེ་ཉུང་དུ་བཏང་བ་རེད།
      2020ལོར་ཅི་ལིན་ཞིང་ཆེན་ཅི་ལིན་བཙོན་ཁང་གིས་སླར་ཡང་ཁྲིམས་ཆད་ཆག་ཡང་དུ་གཏོང་རྒྱུའི་གྲོས་འགོའི་ཡི་གེ་བཏོན་པ་དང་། ཅི་ལིན་ཞིང་ཆེན་ཅི་ལིན་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཞིབ་གཅོད་བྱས་པ་བརྒྱུད་རྩད་ཆོད་མཐའ་གསལ་བྱུང་བ་སྟེ། བཙོན་མ་ཀྲུའུ་ཞན་ཅན་ལ་ཁྲིམས་ཆད་འཁུར་སྐབས་གཟེངས་བསྟོད་ཐེངས5ཐོབ་པ་དང་། བཙོན་ཁང་གི་སྒྲིག་ཁྲིམས་ལ་བརྩི་སྲུང་ནན་ཏན་བྱས་པ། སློབ་གསོ་བསྒྱུར་བཀོད་དང་ལེན་བྱས་པ། དངོས་གནས་སྔ་འགྱོད་ཕྱི་འདོམས་ཀྱི་རྣམ་འགྱུར་ལེགས་པོ་ཡོད། དེ་ཡང་གོང་རིམ་དངོས་ཐོག་ལག་བསྟར་ལས་ཁུངས་ཀྱིས་མཁོ་འདོན་བྱས་པའི་འབྲེལ་ཡོད་ཡིག་ཆའི་བདེན་དཔང་དང་ཞིབ་བཤེར་བྱས་པ་བརྒྱུད་བཙོན་མ་ཀྲུའུ་ཞན་ཅན་ལ་དུས་བཀག་བཙོན་འཇུག་ཟླ་བརྒྱད་ཇེ་ཉུང་དུ་གཏོང་རྒྱུའི་བཀའ་བཅད་བཏང་བ་རེད།
རྩོམ་སྒྲིག་པ། སྣང་རྡོར།