ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

སྒོར་ཁྲི10ཡི་བྱ་དགའ་ཆེན་པོ་དེ་སུ་ལ་ཐོབ་སྲིད་དམ།

སྤེལ་དུས 2021-11-29 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
         ལས་གཏོད་ནི་རང་གི་ཕུགས་འདུན་ཁྲོད་ཀྱི་བསྒྲུབ་འདོད་པའི་བྱ་བ་གང་དེ་བསྒྲུབས་པ་ཞིག་ཡིན་ལ།  དེའི་ཆེད་དུ་འབད་བརྩོན་ལྷོད་མེད་བྱས་ནས་རང་གི་མི་ཚེའི་མདུན་ལམ་ལ་འགྱུར་བ་བཏང་སྟེ། བསམ་ཡུལ་ལས་འདས་པའི་འབྱུང་འགྱུར་གྱི་མི་ཚེ་ཞིག་བསྐྲུན་རྒྱུ་དེ་རེད། སྤྱི་ཚོགས་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་བ་དང་བསྟུན་ནས་ན་གཞོན་མང་པོ་ཞིག་རང་བརྟེན་ལས་གཏོད་ཀྱི་ལམ་བུར་བསྐྱོད་བཞིན་ཡོད། ལས་གཏོད་བྱས་པ་བརྒྱུད་ཁོ་ཚོས་སོ་སོའི་མི་ཚེའི་ཕུགས་འདུན་དང་རིན་ཐང་རྙེད་པ་མ་ཟད། སྤྱི་ཚོགས་འཕེལ་རྒྱས་ལ་སྣེ་ཁྲིད་པ་དང་། རང་གི་ཉེ་འཁོར་གྱི་མི་རྣམས་ཀྱི་དགའ་བསུ་ཡང་ཆེན་པོ་ཐོབ་པ་རེད།

         ཟླ11པའི་ཚེས25ཉིན། ནག་ཆུ་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་ཤིང་། ནག་ཆུ་གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་དང་། ནག་ཆུ་གྲོང་ཁྱེར་མཐོ་སློབ་སློབ་ཐོན་སློབ་མའི་ལས་གཏོད་གསོ་སྦྱོང་ལྟེ་གནས་ཀྱིས་གཞོགས་འདེགས་བྱས་པ་དང་། བོད་ལྗོངས་ཉིན་རེའི་ཚགས་པར་ཁང་བོད་ལྗོངས་སྨྱན་སྦྱོར་ཚོགས་པས་བསྒྲུབ་འགན་འཁུར་བའི་ནག་ཆུ་གྲོང་ཁྱེར་གྱི་མཐོ་སློབ་སློབ་ཐོན་སློབ་མའི་ལས་གཏོད་འགྲན་བསྡུར་སྐབས་གསུམ་པ་བདེ་ལེགས་ངང་སྤེལ་བ་དང་། འགྲན་བསྡུར་རྣམ་གྲངས39ཡུལ་དངོས་ནས་བསྡུར་བ་གང་ལེགས་བྱས་རྗེས། འགྲན་བསྡུར་རྣམ་གྲངས་ཚོ་ཆུང16འབུར་དུ་ཐོན་པའི་སྒོ་ནས་རྟིང་རྩོད་འགྲན་བསྡུར་ནང་ཚུད་པ་རེད།

         ཉིན་གསུམ་གྱི་རིང་ལ་གཅིག་སྡུད་སྦྱོར་བརྡར་བྱས་རྗེས་འགྲན་བསྡུར་འདིའི་རྟིང་རྩོད་འགྲན་བསྡུར་ཟླ11པའི་ཚེས29ཉིན་གྱི་ཆུ་ཚོད14ཡི་སྟེང་དུ་ནག་ཆུ་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་སུ་དངོས་སུ་མགོ་རྩོམ་རྒྱུ་རེད། སྐབས་དེ་དུས་ཞིན་ཧྭ་གསར་འགྱུར་ཁང་གི་ཡུལ་དངོས་ཡོན་འཕྲིན་དང་། བོད་ལྗོངས་མྱུར་བཤེར་མགྲོན་སྣེ། བོད་ལྗོངས་ཚོང་འཕྲིན་པོད་ཕྲན། བོད་ལྗོངས་ཚོང་འཕྲིན་གྱི་བརྙན་ལམ་ཨང་རྟགས། བོད་ལྗོངས་ཚོང་འཕྲིན་གྱི་འཁྱུག་དབྱངས་ཨང་གྲངས་སོགས་ཀྱི་ལས་སྟེགས་སུ་དེའི་བརྒྱུད་རིམ་ཧྲིལ་པོ་ཐད་གཏོང་བྱ་རྒྱུ་རེད། གསར་འགོད་པས་ཡུལ་དངོས་སུ་བཅར་འདྲི་བྱས་པ་བརྒྱུད་ནས་ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར་རྟིང་རྩོད་བསྡུར་ནང་ཚུད་པའི་བདམས་ཐོན་པ་དང་འགྲན་བསྡུར་ལས་དོན་ཚོགས་ཆུང16གིས་ཛ་དྲག་དང་གོ་རིམ་ལྡན་པའི་སྒོ་ནས་རྟིང་རྩོད་འགྲན་བསྡུར་གྱི་འགྲན་རིམ་སོ་སོ་ཆེས་མཇུག་མཐར་གྲ་སྒྲིག་བྱས་ཏེ། རྟིང་རྩོད་འགྲན་བསྡུར་བདེ་བླག་ངང་སྤེལ་ཐུབ་པར་འགན་ལེན་བྱེད་བཞིན་ཡོད།

         “ངས་ད་ཐེངས་གྲ་སྒྲིག་བྱས་ཡོད་པ་ནི《གཉིད་སྐྱིད་བདེ་ཐང་སྔས་མགོ》ཞེས་པའི་རྣམ་གྲངས་ཤིག་ཡིན། དུས་ཡུན་ཉིན3རིང་གི་བཀག་སྡོམ་རྣམ་པའི་གཅིག་སྡུད་སྦྱོང་བརྡར་བྱས་པ་བརྒྱུད་དེ། ངས་སྤྱོད་གོ་ཆེ་བའི་ལས་གཏོད་སྐོར་གྱི་ཤེས་བྱ་དང་ནུས་རྩལ་སློབ་སྦྱོང་བྱས་ནས་ཁོང་དུ་ཆུད། ད་ལྟ་ཚོང་ལས་འཆར་འགོད་ཡི་གེ་བྲི་རྒྱུ་ཡིན་ནའང་འདྲ། ཡང་ན་རང་གི་གཏམ་བཤད་ནུས་པ་སོགས་ཕྱོགས་གང་ཐད་ནས་ཡར་རྒྱས་ཆེན་པོ་བྱུང་། དེར་བརྟེན་རྟིང་རྩོད་འགྲན་བསྡུར་ལ་ཡིད་ཆེས་ཆེན་པོ་ཡོད་ལ། རྟིང་རྩོད་འགྲན་བསྡུར་ཁྲོད་འཇོན་ནུས་གང་ལེགས་མངོན་ནས་གྲུབ་འབྲས་གཡུར་དུ་ཟ་བ་ལོན་རྒྱུའི་རེ་བ་ཡོད།”ཅེས་འགྲན་ཞུགས་པ་རྒྱལ་བསྟན་གྱིས་དེ་ལྟར་བཤད།  
          གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན། ད་ཐེངས་ཀྱི་འགྲན་བསྡུར་ནང་བྱ་དགའ་ཨང་དང་པོ1དང་། བྱ་དགའ་ཨང་གཉིས་པ2དང་། བྱ་དགའ་ཨང་གསུམ་པ3དང་། སྐུལ་ལྕག་བྱ་དགའ10བཅས་བཀོད་སྒྲིག་བྱས་ཡོད་ལ། བྱ་དགའ་མཐོ་ཤོས་ལ་སྒོར་ཁྲི10རེད། བྱ་དགའ་ཐོབ་པའི་འགྲན་ཞུགས་རྣམ་གྲངས་རྗེས་ཕྱོགས་ཆུས་དང་གྲོང་ཁྱེར་རིམ་པའི་མཐོ་སློབ་སློབ་ཐོན་སློབ་མའི་ལས་གཏོད་ཁ་གསབ་ལེན་པའི་གོ་སྐབས་ཡོད་པ་དང་། ཆ་རྐྱེན་དང་འཚམ་ན་ད་དུང་འབྲེལ་ཡོད་ལས་གཏོད་གསོ་སྦྱོང་རྟེན་གཞིར་ཞུགས་ནས་ལས་གཏོད་རོགས་སྐྱོར་ཞབས་ཞུ་མང་པོ་ལོངས་སུ་སྤྱད་ཆོག

        སྤྲོ་སྣང་གིས་ཚེ་སྲོག་ལ་འོད་སྣང་སྦྱིན་ཞིང་། འབད་བརྩོན་གྱི་ཁྲོད་ནས་ཚེ་སྲོག་ལ་གཟི་དཔལ་རྒྱས། རྟིང་རྩོད་འགྲན་བསྡུར་སླེབས་ལ་ཉེ་བས། སྒོར་ཁྲི10ཡི་བྱ་དགའ་ཆེན་པོ་དེ་སུ་ལ་ཐོབ་སྲིད་དམ། ང་ཚོས་རེ་སྒུག་བྱེད་བཞིན་ཡོད།
རྩོམ་སྒྲིག་པ། སྣང་རྡོར།