ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཚན་རྩལ་ཁྱབ་སྤེལ།

“བྱེ་སྐྱེད་མི་སྐྲོད”ནས“སྔོ་སྐྱེད་བྱེ་སྐྲོད”ཀྱི་གཏམ་རྒྱུད་ཅིག

སྤེལ་དུས 2021-09-23 ཡོང་ཁུངས། འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས། རྩོམ་པ་པོ།
           ཉི་མ་ནུབ་རིའི་རྒྱབ་ཏུ་བཞུད་པ་དང་བསྟུན་ནས། ལོ་ངོ་བཅུ་གཅིག་གི་རིང་ལ་ཁེས་ཐུ་བྱེ་བཅོས་ཁུལ་ལྟ་སྲུང་བྱས་པའི་རྒད་པོ་དཔའ་རྩེ་ལགས་ཀྱི་ཉིན་གཅིག་གི་སྐོར་ཞིབ་བྱ་བའང་མཇུག་རྫོགས་པ་རེད།

          ཁེས་ཐུ་བྱེ་བཅོས་ཁུལ་གྱི་ལྟ་སྲུང་བ་རྒད་པོ་དཔའ་རྩེ་ལགས། པར་རིས་ཀྲུང་གོའི་གསར་འགྱུར་དྲ་བ་ལས་དྲངས།
          “ཁེས་ཐུ་ལ་ཐེངས་དང་པོར་ཐོན་དུས། ཡུལ་འདི་ནི་བྱེ་མས་ཁེངས་ཡོད་ལ། མཚོ་སྔོན་པོའི་མཐའ་འཁོར་གྱི་རླུང་ཡང་ཧ་ཅང་ཆེ་སྟབས། བྱེ་རླུང་གང་སར་ཁྱབ་ཅིང་། སྡོད་ཁང་དང་སླ་ང་། དཀར་ཡོལ་བཅས་ཀྱི་ནང་དུའང་བྱེ་རྡུལ་ཡོད། ད་ལྟར། རླུང་གཡུག་ཚད་སྔར་བཞིན་ཆེ་ནའང་། བྱེ་རྡུལ་གང་སར་མི་ཁྱབ”ཅེས་རྒད་པོ་དཔའ་རྩེས་བཤད།
          ཁེས་ཐུ་བྱེ་བཅོས་ཁུལ་ནི་རང་ཞིང་གི་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཧེ་ཡན་རྫོང་ཁོངས་སུ་ཡོད་ཅིང་། དེ་ཡིས་མཚོ་སྔོན་པོའི་བྱེ་འགྱུར་ས་ཆ་ཡི་སྤྱིའི་རྒྱ་ཁྱོན་གྱི57.6%ཟིན་པ་དང་། ཁོངས་ཡོངས་ནི་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་ནང་དུ་ཚུད་ཡོད་པས། དེ་ནི་མདོ་དབུས་མཐོ་སྒང་བྱང་ཤར་རྒྱུད་དང་རྨ་ནུབ་ཁྱམས་རའི་སྐྱེ་ཁམས་ཆུ་ལག་གི་བདེ་འཇགས་སྐྱོང་བ་དང་། ནུབ་རྒྱུད་བྱེ་འགྱུར་ས་ཆ་ཤར་ཕྱོགས་སུ་བསྐྱེད་པ་ཚོད་འཛིན་གྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་ཡིན་པར་མ་ཟད། ད་དུང་རྒྱལ་ཡོངས་ཀྱི་བྱེ་འགོག་བྱེ་བཅོས་ཕྱོགས་བསྡུས་དཔེ་སྟོན་ཁུལ་དང་རྒྱལ་ཁབ་ཀྱི་བྱེ་འགྱུར་ས་ཆའི་བཀག་སྡོམ་སྲུང་སྐྱོབ་ཁུལ་གཉིས་སུའང་བདམས་ཡོད།
བྱེ་འགོག་གི་རྩྭའི་དྲ་མིག་བཟོ་བ། པར་རིས་ཀྲུང་གོའི་གསར་འགྱུར་དྲ་བ་ལས་དྲངས།
          1980ལོ་ནས་བཟུང་། ཧེ་ཡན་རྫོང་གིས་ཁེས་ཐུ་བྱེ་ཁུལ་དུ་ཕྱུགས་འགོག་སྔོ་གསོ་དང་སྐྱེ་ཁམས་བཅོས་སྐྱོང་གི་བྱ་བ་སྒྲུབ་མགོ་ཚུགས་པ་དང་། བྱེ་འགྱུར་ས་ཆའི་རྒྱ་ཁྱོན་ཡང་དུས་རབས་གོང་མའི་ལོ་རབས་བརྒྱད་ཅུའི་མགོ་ཡི་སྤྱི་ཆིང་ཁྲི9.9ཙམ་ཡོད་པ་ནས་ད་ལྟའི་སྤྱི་ཆིང་ཁྲི6.6ཙམ་དུ་བཏང་ཡོད། བྱེ་ཁུལ་གྱི་ནགས་རྩྭའི་ཕྱོགས་བསྡུས་ཁེབས་ཚད་ནི30%ནས40%ལ་ཟིན་པ་དང་། ཡུལ་བྱེ་བྲག་གི་སྔོ་ཁེབས་ཚད་ནི85%ཡི་ཡན་ལ་ཐོན་ཡོད།
          ཧེ་ཡན་རྫོང་ནགས་ལས་ས་ཚིགས་ཀྱི་བཟོ་འགོད་པ་ཧྲི་ཏེ་རུང་ནི་བྱེ་བཅོས་མི་རབས་གཉིས་པ་ཡིན་ཞིང་། 2002ལོར་བྱ་བར་ཞུགས་པ་ནས་བཟུང་། ཁེས་ཐུ་ས་ཆ་འདི་ནས་བསྡད་དེ་མིག་མདུན་གྱི་བྱེ་ཁུལ་དེ་བྱེ་བཅོས་མི་རབས་དང་པོ་དང་འགྲོགས་ནས་བྱེ་མ་འགོག་བཅོས་དང་སྡོང་བོ་འཛུགས་པའི་བྱ་བ་བསྒྲུབས་ཏེ་ལྗང་མདོག་གིས་ཆེས་ཆེར་ཁེབས་པར་བྱས་ཡོད།
ཁེས་ཐུ་བྱེ་བཅོས་ཁུལ་གྱི་ད་ལྟའི་རྣམ་པ། པར་རིས་ཀྲུང་གོའི་གསར་འགྱུར་དྲ་བ་ལས་དྲངས།
          “ལོ་རེའི་ཟླ4པ་ནས6པའི་བར་དུ། ང་ཚོས་བྱེ་ཐང་གི་མཐའ་འཁོར་ནས་རྩྭ་གསོ་དྲ་མིག(草方格)བཟོ་བ་སྟེ། ལྕགས་ཁེམ་གྱིས་བྱེ་ས་བསློགས་ཏེ་དྲ་མིག་གི་དབྱིབས་སུ་གཏོང་བ་དང་། དེ་ནས་གྲོ་རྩྭ་དྲ་མིག་གི་ནང་དུ་བཏིངས་རྗེས། ཡང་བསྐྱར་ཐོག་ཏུ་བྱེ་མ་ལྡུག་པ་ཡིན། འདི་ལྟར་དྲ་མིག་བར་དུ་རྩྭ་སོན་བཏབ་ན། དེ་ཉིད་བྱེ་རླུང་གིས་འཁུར་མི་ཐུབ། ལྗང་མདོག་འདི་ནི་ཚང་མས་ཆུ་མགོའི་སྐྱེ་ཁམས་ཀྱི་ཆེད་དུ་བསྐྲུན་པའི‘རྒྱལ་སྲིད’ཡིན”ཞེས་ཧྲི་ཏེ་རུང་གིས་བཤད།
          ལོ་མང་རིང་ལ་འབད་པ་ལྷོད་མེད་བྱས་པ་བརྒྱུད། ཁེས་ཐུ་བྱེ་ཁུལ་གྱི་མཐའ་འཁོར་དུ་ནགས་ཚལ་ཆེན་པོ་ཞིག་ཆགས་པ་ལས་སྲ་བརྟན་གྱི“ལྗང་མདོག་སྲུང་ཡོལ”ཞིག་གྲུབ་ཡོད་པ་དང་། འདི་ཡིས་བྱེ་ཐང་ཇེ་ཆེ་དང་རྒྱ་བསྐྱེད་པ་ལ་བཀག་འགོག་ནུས་ལྡན་ཐོན་ཏེ་མཚོ་སྔོན་པོའི་ལྟེ་བའི་ཁྱབ་ཁོངས་ཀྱི་སྐྱེ་ཁམས་བདེ་འཇགས་བསྲུངས་ཡོད།
བྱེ་སྣ་རུ་བྱེ་འགོག་བྱ་བ་སྒྲུབ་བཞིན་པ། པར་རིས་ཀྲུང་གོའི་གསར་འགྱུར་དྲ་བ་ལས་དྲངས།
          མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཀོས་ནན་རྫོང་ནི་རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་ཁུལ་གལ་ཆེན་ཞིག་ཡིན་ལ། དེའི་ཁོངས་ཀྱི་རྨ་ཆུ་བཞུར་བའི་རིང་ཚད་ལ་སྤྱི་ལེ174.58ཙམ་ཡོད་ཅིང་། རྫོང་ཁོངས་ཀྱི་བྱེ་འགྱུར་ས་ཆའི་རྒྱ་ཁྱོན་ནི་མུའུ་ཁྲི342ཙམ་ཟིན་པ་དང་། དེ་ཡིས་རྫོང་གི་སྤྱིའི་རྒྱ་ཁྱོན་གྱི34.2%ཙམ་ཟིན། དུས་རབས་གོང་མའི་དུས་དཀྱིལ་གྱི་སྔོན་ལ། ཡུལ་འདིའི་བྱེ་སྣ་དང་མུ་གེ་ཐང་ཉེ་འཁོར་གྱི་བྱེ་ཐང་ནི་ལོ་རེ་ལ་སྨི5ནས15ཙམ་གྱིས་ཇེ་ཆེར་ཕྱིན་ཏེ་ས་ཞིང་མུའུ3000ལ་ཉེ་བ་ཙམ་ཁྱུད་མིད་བྱེད་བཞིན་ཡོད།
          ཀོས་ནན་རྫོང་ནགས་རྩྭ་ཅུས་ཀྱི་ཅུས་ཀྲང་ཐན་མིང་ཧྲེང་ནི1993ལོར་ཀོས་ནན་རྫོང་ས་ཆ་འདིར་ཡོང་ནས་བྱེ་མ་འགོག་བཅོས་ཀྱི་བྱ་བ་བསྒྲུབས་པ་ཡིན། “སྐབས་དེར། ཡུལ་འདི་ནས་སྡོང་བོ་འཛུགས་ཐུབ་པ་ལ་ཉེ་འཁོར་གྱི་རོང་འབྲོག་པ་ཚང་མ་ཡིད་མི་ཆེས་པ་རེད། ཡིན་ནའང་། བསྟུད་མར་ལོ་གཉིས་ཡས་མས་ལ་ཚོད་ལྟ་བྱས་མཐར། སྡོང་བོ་སྐྱེས་ཐུབ་སོང་། དེ་ནས་མང་ཚོགས་རྣམས་ཀྱིས་ཀྱང་རང་འགུལ་ངང་འཚོ་བའི་མཁོ་ཆས་ཁྱེར་ཡོང་ནས་བྱེ་སྣ་རུ་བསྡད་དེ་ང་ཚོ་དང་མཉམ་དུ་སྡོང་བོ་བཙུགས་པ་ཡིན”ཞེས་ཐན་མིང་ཧྲིང་གིས་བཤད།
ད་ལྟའི་བྱེ་སྣའི་རྣམ་པ། པར་རིས་ཀྲུང་གོའི་གསར་འགྱུར་དྲ་བ་ལས་དྲངས།
          ལོ་ངོ25ཡི་རིང་ལ། ཀོས་ནན་རྫོང་གིས་ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར14.5བཏང་སྟེ་མིའི་ཐབས་ཀྱི་བྱེ་འགོག་ནགས་ཚལ་མུའུ་ཁྲི110ཙམ་དང་། བྱེ་འགོག་སྔོ་གསོ་ས་ཆ་མུའུ་ཁྲི50ཙམ། བྱེ་འགོག་ལས་གྲྭ་མུའུ་ཁྲི19.9ཙམ། བྱེ་འགྱུར་བཅོས་སྐྱོང་ས་ཆ་མུའུ་ཁྲི178.9ཙམ་ཡོད་པ་བཅས་བསྐྲུན་ཏེ། རིང་ཚད་ལ་སྤྱི་ལེ300ལྷག་ལྡན་པའི“བྱེ་ཐང་ལྗང་མདོག་གི་ལྕགས་རི”ཞིག་བཙུགས་ནས་རྫོང་ཁོངས་ཀྱི་ནགས་ཚལ་ཁེབས་ཚད1996ལོའི་སྔོན་གྱི2.6%ཙམ་ནས་ད་ལྟའི19.24%ཙམ་ལ་འཕར་དུ་བཅུག་ཡོད།
          “ལོ་ལྔའི་འཆར་འགོད་བཅུ་གསུམ་པའི”སྐབས། རང་ཞིང་གིས་བྱེ་ཐང་འགོག་བཅོས་ཀྱི་ས་ཆ་སྤྱི་ཆིང་ཁྲི57.4ཙམ་ལེགས་འགྲུབ་བྱུང་བ་དང་། བྱེ་འགྱུར་ས་ཆ་ལོ་རེ་ལ་ཆ་སྙོམས་ངང་སྤྱི་ཆིང་ཁྲི1.14ཙམ་ཉུང་དུ་བཏང་བ། མྱ་ངམ་ཐང་དུ་འགྱུར་བའི་ས་ཆ་ལོ་རེ་ལ་ཆ་སྙོམས་ངང་སྤྱི་ཆིང་ཁྲི1.02ཙམ་ཉུང་དུ་བཏང་བ། གཙོ་གནད་བྱེ་ཁུལ་དུ“བྱེ་སྐྱེད་མི་སྐྲོད”ནས“སྔོ་སྐྱེད་བྱེ་སྐྲོད”ཀྱི་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་མངོན་འགྱུར་བྱུང་ཡོད།
རྒྱལ་ཡོངས་ཀྱི་སྔོ་ཁེབས་གནས་ཚུལ། པར་རིས་ཀྲུང་གོའི་གནམ་གཤིས་ཅུས་ལས་དྲངས།
          རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་གཞུང་ཕྱོགས་དྲ་ཚིགས་སུ་བསྒྲགས་པའི་མྱ་ངམ་ཐང་དུ་འགྱུར་བ་ལྟ་ཞིབ་ཚད་ལེན་བྱེད་ཐེངས་ལྔ་པའི་གྲུབ་འབྲས་ལས་གསལ་བ་ལྟར་ན། ཀྲུང་གོའི་མྱ་ངམ་ཐང་དུ་འགྱུར་བའི་ས་ཆའི་རྒྱ་ཁྱོན་ནི་དུས་རབས20ཡི་མཇུག་གི་ལོ་རེའི་ཆ་སྙོམས་འགྱུར་ཚད་སྤྱི་ལེ་གྲུ་བཞི་མ་ཁྲི1.04ཡིན་པ་ནས་མིག་སྔའི་ལོ་རེའི་ཆ་སྙོམས་འགྱུར་ཚད་སྤྱི་ལེ་གྲུ་བཞི་མ་ཁྲི2424ཙམ་ཡིན་པ་ལ་གྱུར་ཡོད།
རྩོམ་སྒྲིག་པ། བསྟན་ཆོས།