ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཚན་རྩལ་ཁྱབ་སྤེལ།

མི་གང་དག་ལ་འབྲས་སྐྲན་དང་གཅིན་སྙི་ཟ་ཁུའི་ནད་འབྱུང་སླ་བ་ཡིན་ནམ།

སྤེལ་དུས 2021-10-13 ཡོང་ཁུངས། འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས། རྩོམ་པ་པོ།
མི་གང་དག་ལ་འབྲས་སྐྲན་དང་གཅིན་སྙི་ཟ་ཁུའི་ནད་
འབྱུང་སླ་བ་ཡིན་ནམ།
          མི་ཁ་ཤས་ཤིག་ལ་ནད་འབྱུང་སླ་བ་ཅི་ཡིན་ནམ་ཞེ་ན། དེ་ནི་གཙོ་བོ་མི་སྒེར་གྱི་འཚོ་བའི་གོམས་གཤིས་མི་ལེགས་པ་དང་འབྲེལ་བ་ཡོད། གོམས་གཤིས་ངན་པ་ཡིས་མི་སུ་ཞིག་ཀྱང་ཤེས་མེད་ཚོར་མེད་ངང“ནད་རིགས་འབྱུང་སླ་བ”ཞིག་ཏུ་གཏོང་བ་ཡིན།
          གཅིག འབྲས་སྐྲན་འབྱུང་སླ་བའི་མི།
          ཀ རྒྱུན་པར་ཟས་ལྷག་ཟ་བ།
          ཟས་ལྷག་གི་ནང་དུ། འཚོ་བཅུད་ཉུང་བར་མ་ཟད། ད་དུང་ཟེ་ཚྭ་སྐྱུར་ཚྭ་འབྲིང་བ(亚硝酸盐)ཡང་མང་པོ་ཡོད། ཟེ་ཚྭ་སྐྱུར་ཚྭ་འབྲིང་བ་འདི་ཕོ་བའི་ནང་གི་སྤྲི་དཀར་དང་འགྱུར་འབྱུང་བྱུང་ན། འབྲས་སྐྲན་སྐྱེད་པའི་དངོས་པོ་སྟེ་ཟེ་ཚྭ་ཨན་འབྲིང་བ(亚硝胺)ཐོན་པ་ཡིན། དེར་བརྟེན། ཟས་ལྷག་བཟའ་རྒྱུ་ཉུང་ན་བཟང་བ་ཡིན།
          ཁ སིལ་ཏོག་དང་སྔོ་ཚལ་གྱི་རིགས་བཟའ་རྒྱུ་ཉུང་བ།
          སིལ་ཏོག་དང་སྔོ་ཚལ་གྱི་ནང་དུ་བཟའ་བཅའི་ཚི་སྣ་ཡོད་སྟབས། དེ་ཡིས་ཕོ་བ་དང་རྒྱུ་ལམ་གྱི་སྙིགས་དོར་བཅུད་ལེན་ལ་སྐུལ་འདེད་བྱས་ནས་ལུས་ཀྱི་གནོད་ལྡན་དངོས་པོ་ཕྱིར་གཏོང་བ་ཡིན། གལ་ཏེ། སྔོ་ཚལ་དང་སིལ་ཏོག་བཟའ་རྒྱུ་ཉུང་ན། ལོང་སྐྲན་འབྱུང་བའི་ཉེན་ཁ་ཇེ་ཆེར་འགྲོ་བ་ཡིན།
          ག ཙོག་ནས་འདུག་ཡུན་རིང་བ།
          ཙོག་ནས་འདུག་ཡུན་རིང་ན། སྐེ་ཚིགས་དང་སྒལ་ཚིགས་ལ་གནོད་པ་ཁོ་ན་མིན། ཞིབ་འཇུག་བྱས་པར་གཞིགས་ན། མི་ལུས་ཀྱི་རིམས་འགོག་ནུས་པ་ནི་འགུལ་སྐྱོད་ཇི་ལྟར་མང་དུ་བྱས་ན་དེ་ལྟར་ཇེ་བཟང་ལ་འགྲོ་བ་དང་། དེ་ལས་ལྡོག་ན། འབྲས་སྐྲན་འབྱུང་བའི་ཉེན་ཁ་ཇེ་ཆེ་ཡིན་པ་རེད།
          ང ཟ་མ་ཚ་པོ་བཟའ་རྒྱུར་དགའ་བ།
          “ཆུ་ཁོལ་ཚ་པོ་འཐུང་བ”དང“ཟ་མ་ཚ་པོ་ཟ་བ”ཡིས་མིད་པའི་སྐྲན་ནད་འབྱུང་བ་ལ་གྲོགས་བྱེད་པ་ཡིན། ཆུ་ཁོལ་ཚ་པོ་ཡིས་མིད་པའི་འབྱར་སྐྱི་ལ་གནོད་ནས་ཁའི་ནང་གི་འབྱར་སྐྱི་གཉན་ཚད་དང་མིད་པའི་གཉན་ཚད་སོགས་འབྱུང་བར་བྱེད་ལ། དུས་ཡུན་རིང་ན། འབྲས་སྐྲན་དུ་འགྱུར་བའང་ཡོད།
          གཉིས། གཅིན་སྙི་ཟ་ཁུའི་ནད་འབྱུང་སླ་བའི་མི།
          ཀ ནངས་ཇ་མི་འཐུང་བ།
          ཞིབ་འཇུག་བྱས་པ་ལྟར་ན། ནངས་ཇ་མི་འཐུང་བའི་མི་ལ། གཅིན་སྙི་ཟ་ཁུའི་ནད་འབྱུང་བའི་ཉེན་ཁ་ཅུང་མཐོ་བ་རེད། རྒྱུན་པར་ནངས་ཇ་འཐུང་བའི་མི་དང་བསྡུར་ན། ནངས་ཇ་མི་འཐུང་བའི་མི་ཡི་ཁྲག་ནང་གི་གཤེར་མའི་ཕུང་རྩི(胰岛素)ཡི་འདུས་ཚད26%གིས་མཐོ་བ་དང་། དེ་ཡི་འགོག་རྒོལ་རང་བཞིན་ཡང26%གིས་འཕར་བ་རེད།
          ཁ ཟས་ཐུན་གསུམ་པོ་ལ་ཆོས་ཉིད་མེད་པ།
          ཉིན་གཅིག་གི་ཟས་ཐུན་གསུམ་པོ་ལ་ཆོས་ཉིད་མེད་ན། ཁྲག་ནང་གི་མངར་ཆའི་འདུས་ཚད་བརྟན་འཇགས་མིན་པ་དང་། དེ་ནས་མངར་ཆའི་རྙིང་ཚབ་གསར་བརྗེ་ཟིང་ཟིང་གཏོང་བ་ཡིན། དེ་ལྟར་རིང་དུ་སོང་ན། གཤེར་མའི་ཕུང་རྩི་ཡིས་འགོག་རྒོལ་ཐེབས་པ་དང་། རིམ་པར་གཅིན་སྙི་ཟ་ཁུའི་ནད་ཀྱང་འབྱུང་བ་ཡིན།
          ག དུ་བ་འཐེན་པ།
          ཞིབ་འཇུག་བྱས་པ་ལྟར་ན། དུ་བ་འཐེན་པའི་མི་ལ་གཅིན་སྙི་ཟ་ཁུའི་ནད་འབྱུང་བའི་ཉེན་ཁ་ནི་དུ་བ་མི་འཐེན་པའི་མི་ལས15%ནས30%ཡིས་མཐོ་བ་རེད། དུ་བ་མ་འཐེན་ན། འབྲས་སྐྲན་དང་དབུགས་ལམ་མ་ལག སྙིང་རྩའི་ནད་རིགས་ལ་སྔོན་འགོག་བྱེད་ཐུབ་པར་མ་ཟད། ད་དུང་གཅིན་སྙི་ཟ་ཁུའི་ནད་འབྱུང་བའི་ཚད་ཀྱང་ཇེ་དམའ་རུ་གཏོང་ཐུབ།
          ང ཟ་མ་བཟང་པོ་བཟའ་རྒྱུ་མང་བ་དང་འགུལ་སྐྱོད་ཉུང་བ།
          རྒྱུན་པར་ཟ་བའི་འབྲས་དང་ཕྱེ་ནི་ཐཱན་ཆུ་འདྲེས་རྫས་མཐོ་བའི་དངོས་པོ་ཡིན། ཁོག་ལ་སོང་ནས་འཇུ་ལེན་བྱས་རྗེས། ཁྲག་ནང་གི་མངར་ཆའི་འདུས་ཚད་འཕྲལ་མར་ཇེ་མཐོ་ལ་འགྲོ་བ་ཡིན། དེའི་ཐོག་ཏུ། འགུལ་སྐྱོད་ཉུང་བ་ལས་བསྡུ་ལེན་བྱས་པའི་མངར་ཆ་འཕྲལ་མར་ཟད་དུ་འཇུག་མ་ཐུབ་ན། དུས་ཡུན་རིང་བོ་འགོར་རྗེས་གཤེར་མའི་ཕུང་རྩི་ལ་ཤན་ཤུགས་ཐེབས་ཏེ་གཅིན་སྙི་ཟ་ཁུའི་ནད་ཀྱང་བསྐྱེད་པ་ཡིན།
རྩོམ་སྒྲིག་པ། བསྟན་ཆོས།