ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཚན་རྩལ་ཁྱབ་སྤེལ།

མདོ་དབུས་མཐོ་སྒང་གི་ཉ་པའི་གྲོང་ཚོ་ཞིག་སྟེ། འཇུན་པ་གྲོང་ཚོ།

སྤེལ་དུས 2021-11-03 ཡོང་ཁུངས། འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས། རྩོམ་པ་པོ།
          ཉ་པའི་གྲོང་ཚོ་ཞེས་གླེང་ཡོང་ན། མི་མང་པོའི་སེམས་ལ་དྲན་པ་ནི་རྒྱ་མཚོའི་འགྲམ་གྱི་གླིང་ཕྲན་ཆུང་ཆུང་ཞིག་གམ་ཡང་ན་འབྲི་ཆུའི་ལྷོ་རྒྱུད་ཀྱི་གྲོང་ཚོ་ཞིག་གི་སྣང་བརྙན་ཡིན་པ་ལས། མདོ་དབུས་མཐོ་སྒང་གི་གྲོང་ཚོ་ཞིག་ནི་ཅི་ནས་ཀྱང་དྲན་མི་སྲིད།

འཇུན་པ་གྲོང་ཚོའི་ཟུར་ཞིག
          ཡིན་ནའང་། འཛམ་གླིང་ཡང་རྩེ་ཞེས་འབོད་པའི་མདོ་དབུས་མཐོ་སྒང་གི་ས་ཆ་འདི་ན། མི་རབས་ནས་མི་རབས་ལ་ཉ་ལས་ཀྱི་བྱ་བ་གཉེར་བ་དང་ཉ་ལ་བརྟེན་ནས་འཚོ་བའི་གྲོང་ཚོ་ཞིག་དངོས་སུ་ཡོད་ཅིང་། དེ་ནི་ལྷ་སའི་སྐྱིད་ཆུ་དང་ཡར་ཀླུང་གཙང་པོ་གཉིས་འདྲེས་མཚམས་ཀྱི་བྱང་ངོས་ན་ཆགས་ཡོད་པའི་འཇུན་པ་གྲོང་ཚོ་རེད།
          འཇུན་པ་གྲོང་ཚོའི་ཕྱོགས་གསུམ་ནི་རི་བོས་བསྐོར་བ་དང་། ཕྱོགས་གཅིག་ནི་ཆུ་བོ་ཡིན། ཡུལ་དེ་རུ་རྩྭ་ས་ཉུང་བ་དང་ཞིང་ས་མེད་པའི་དབང་གིས། མང་ཚོགས་ཀྱིས་ཉ་ལས་ལ་བརྟེན་ནས་འཚོ་ཡོད།
          འཇུན་པ་གྲོང་ཚོ་འདི་དང་དེའི་ཉ་ལས་ནི་དུས་རབས་བཅུ་བདུན་པའི་མཇུག་ནས་དུས་རབས་བཅོ་བརྒྱད་པའི་མགོ་ཙམ་གྱི་བར་དུ་ཆགས་ནས་དར་བ་ཡིན་ལ། ཀོ་གྲུ་ནི་འཇུན་པའི་མི་དམངས་མ་ཟད། མདོ་དབུས་མཐོ་སྒང་གི་བོད་རིགས་མང་ཚོགས་ཀྱིས་ཆུ་ཐོག་སྐྱེལ་འདྲེན་བྱེད་པའི་ཡོ་བྱད་གཙོ་བོ་ཡང་ཡིན།

འཇུན་པ་གྲོང་ཚོའི་ཀོ་གྲུ།
          ཀོ་བ་ཧྲིལ་པོ་བཞི་ཙམ་སྤྱད་ནས་བཟོས་པའི་ཀོ་གྲུ་ནི་ལྕི་མོ་ཡིན་ན་རྒྱ་མ90ཙམ་དང་ཡང་མོ་ཡིན་ན་རྒྱ་མ60ཙམ་ཡོད་ལ། གཟུགས་དབྱིབས་འབུ་ལེབ་ཅིག་དང་འདྲ་ཞིང་། ནང་དུ་མི་གཉིས་ཙམ་བསྡད་ཆོག་པ་དང་། གྲུ་མགོ་ནས་ཉ་འཛིན་གྱི་ལས་ཀ་བྱེད་པ་དང་གྲུ་རྔ་ནས་གྲུ་ཁེམ་རྒྱག་པ་རེད།
          ཀོ་གྲུ་འདི་ནི་འཇུན་པའི་མི་དམངས་ཀྱི་ཉ་ལས་གཉེར་བའི་ཡོ་བྱད་ཅིག་ཡིན་པར་མ་ཟད། ད་དུང་ངལ་གསོའི་དུས་ཀྱི་ཞབས་བྲོ་འཁྲབ་བྱེད་ཅིག་ཀྱང་ཡིན། ཞབས་བྲོ་འཁྲབ་མཁན་གྱིས་ཀོ་གྲུ་ཁུར་ཏེ་རྐང་པ་གཉིས་འགུལ་བ་དང་གྲུ་ཁེམ་གྱིས་གྲུ་བརྡུངས་ནས་བྲོ་འཁྲབ་པ་ཡིན།

འཇུན་པ་གྲོང་ཚོའི་ཀོ་རྩེད།
          2008ལོར། འཇུན་པ་གྲོང་ཚོའི་ཀོ་རྩེད་འདི་རྒྱལ་ཁབ་རིམ་པའི་གཟུགས་འདས་རིག་གནས་ཤུལ་བཞག་གི་མིང་ཐོའི་ནང་དུ་བཅུག་པ་དང་། ངག་རྒྱུན་ལྟར་ན། ཀོ་གྲུ་ཐོག་མར་བཟོ་བའི་སྐབས། ལྷག་ལུས་བྱུང་བའི་ཀོ་བའི་དུམ་བུ་རྣམས་ཀོ་གྲུ་བཟོ་མཁན་གྱིས་ཡང་བསྐྱར་སྤྱད་ནས་ཀོ་བའི་ཡོ་བྱད་མི་འདྲ་བ་བཟོ་བཞིན་ཡོད་པ་དང་། རིམ་པར་འཇུན་པ་གྲོང་ཚོ་རུ་ཉ་པའི་རིག་གནས་ཡོད་པའི་ཐོག་ལ། ཀོ་བའི་ཡོ་བྱད་བཟོ་བའི་ལག་རྩལ་ཡང་རྒྱུན་འཛིན་བྱས་ཡོད་པ་རེད།
          2009ལོར། འཇུན་པའི་ཀོ་གྲུ་བཟོ་རྩལ་འདི་རེས་སྐོར་གསུམ་པའི་བོད་རང་སྐྱོང་ལྗོངས་རིམ་པའི་གཟུགས་འདས་རིག་གནས་ཤུལ་བཞག་གི་མིང་ཐོའི་ནང་དུ་བཅུག་པ་དང་། འཇུན་པ་གྲོང་ཚོ་ཡིས་ལས་སྣོན་གསར་བཟོ་བྱས་པའི་ཀོ་གྲུ་ཆུང་ངུ་དང་རྩམ་ཁུག་ཆུང་ཆུང་། རྒྱབ་ཁུག་ཆུང་ཆུང་། གདོང་འབོག་ཆུང་ཆུང་སོགས་ལ་བརྟེན་ནས་འཇུན་པའི་མི་དམངས་ཀྱི་ལག་ཤེས་བཟོ་རྩལ་གྱི་ཆུ་ཚད་མངོན་ཡོད།

འཇུན་པ་གྲོང་ཚོའི་ཀོ་ཆས་ཆུང་ཆུང་།
          སྐྱིད་ཆུའི་ནང་དུ་ཉ་རིགས་མང་པོ་ཡོད་ནའང་། འཇུན་པའི་མང་ཚོགས་ཀྱིས་དེ་དག་ལ“སྐྱིད་ཆུའི་ཉ”ཞེས་འབོད་བཞིན་ཡོད་ལ། “སྐྱིད་ཆུའི་ཉ”རྣམས་ཀྱིས་ཀྱང་འཇུན་པ་གྲོང་ཚོའི་མི་རྣམས་ལ་གསོན་ཤུགས་ཕུན་སུམ་ཚོགས་པ་ཞིག་རྒྱས་སུ་འཇུག་བཞིན་ཡོད།
རྩོམ་སྒྲིག་པ། བསྟན་ཆོས།