ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཚན་རྩལ་ཁྱབ་སྤེལ།

ཕྲུ་གུ་སྐྱེ་བ་ལ་ཆེས་ལེགས་པའི་ལོ་ཚོད་ཅིག་ཡོད་དམ།

སྤེལ་དུས 2022-01-19 ཡོང་ཁུངས། འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས། རྩོམ་པ་པོ།
          བུད་མེད་ཀྱི་ཕྲུ་གུ་སྐྱེ་བའི་ཆེས་ལེགས་པའི་ལོ་ཚོད་ག་དུས་ཡིན་པའི་སྐོར་གྱི་རྩོམ་ཡིག་ནི་རྒྱུན་དུ་མཐོང་བ་ཡིན། ཡིན་ནའང་། མི་མང་ཤོས་ནི་བཤད་ཚུལ་འདི་ལ་གོ་ཐོས་ཡོད་ཀྱང་། རྒྱུས་ལོན་ཟབ་ཅིང་ཞིབ་པ་ཞིག་མེད།
          དེ་ན། བུད་མེད་ཀྱི་ཕྲུ་གུ་སྐྱེ་བ་ལ་ཆེས་ལེགས་པའི་ལོ་ཚོད་ཅིག་ཡོད་དམ་མེད། ཡོད་ན་ག་དུས་ཡིན་པ་དང་། སྐྱེས་པ་ལའང་དེ་འདྲ་ཡོད་དམ་ཞེ་ན། དེ་རིང་། ང་ཚོས་མཉམ་དུ་རྒྱུས་ལོན་ཐེངས་ཤིག་བྱེད།
      
          གཅིག གསོ་བ་རིག་པའི་ནང་དུ་ཕྲུ་གུ་སྐྱེ་བ་ལ་ཆེས་ལེགས་པའི་ལོ་ཚོད་ཅིག་ཡོད་དམ། ཡོད་ན་ག་དུས་ཡིན་ནམ།
          གསོ་བ་རིག་པའི་ནང་དུ། ཕྲུ་གུ་སྐྱེ་བ་ལ་ཆེས་ལེགས་པའི་ལོ་ཚོད་ཅིག་ཡོད་པ་ཡིན།
          བུད་མེད་ཀྱི་ཆེས་ལེགས་པའི་ལོ་ཚོད་ནི་ལོ25ནས35ཡི་བར་ཡིན་པ་དང་། སྐབས་འདི་ལ། ལུས་ཀྱི་དབང་བོ་ཚང་མ་འཚར་ལོངས་བྱུང་ཡོད་པ་དང་། ཁམས་དམར་གྱི་རྒྱུ་སྤུས་ཀྱང་ཆེས་ལེགས་དུས་ཡིན། ཕྲུ་གུའི་འཚར་ལོངས་ལ་ཕན་པ་ཧ་ཅང་ཆེ་བས། ཕྲུ་གུ་ཟླ་ཁ་མ་གང་བར་སྐྱེ་བ་དང་ཡ་མ་གཟུགས་སུ་སྐྱེ་བའི་ཚད་ཧ་ཅང་དམའ་བ་ཡིན།
          སྐྱེས་པའི་ཆེས་ལེགས་པའི་ལོ་ཚོད་ནི་ལོ27ནས35ཡི་བར་ཡིན་པ་དང་། ལོ་ཚོད་འདིའི་བར་ལ། སྐྱེས་པའི་ཁམས་དཀར་གྱི་རྒྱུ་སྤུས་ལེགས་ཤིང་ལུས་པོ་བདེ་ཐང་ཡིན་པ། བྱ་གཞག་བརྟན་ཞིང་འཚོ་བའི་ཆུ་ཚད་བཟང་བ། ཕྲུ་གུ་གསོ་སྐྱོང་གི་ཆ་རྐྱེན་འཛོམས་པ་བཅས་ཡིན།

          གཉིས། ཟླ་ཁ་མ་གང་བར་ཕྲུ་གུ་སྐྱེ་བ་དང་ལོ་ཆེ་དུས་ཕྲུ་གུ་སྐྱེ་བ་ནི་འཇིགས་སུ་རུང་བ་ཞིག་ཡིན་ནམ།
          བུད་མེད་ཀྱིས་ལོ20ཡི་སྔོན་ལ་མངལ་ཆགས་ནས་ཕྲུ་གུ་སྐྱེས་པ་ཡིན་ན། ལུས་ཀྱི་དབང་བོ་ཚང་མ་འཚར་ལོངས་བྱུང་མེད་པ་དང་། ལྷག་པར་དུ་བུ་སྣོད་དང་རུས་སྒྲོམ་སོགས་ད་དུང་འཚར་ལོངས་འབྱུང་བཞིན་པའི་སྐབས་ཡིན་སྟབས། སྦྲུམ་དུས་སུ་ཁྲག་ཤེད་མཐོ་བ་དང་མངལ་སྒོ་ལ་གས་སྲུབས་ཤོར་བ། མངལ་ནང་གི་ཕྲུ་གུའི་འཚར་ལོངས་མི་ལེགས་པ་སོགས་ཀྱི་ཉེན་ཁ་ཡོད།
          ཡང་ལོ་ཆེ་དྲགས་ན། སྦྲུམ་མའི་རུས་སྒྲོམ་དང་མཉེན་གཤིས་བྱེད་ནུས་ཇེ་ཞན་དུ་སོང་ཡོད་པ་དང་། མངལ་སྒོའི་མཉེན་གཤིས་ཆུང་བ། བུ་སྣོད་ཀྱི་རྐྱང་སྐུམ་བྱེད་ཤུགས་ཞན་པ་བཅས་ཀྱི་དབང་གིས། ཕྲུ་གུ་སྐྱེ་དཀའ་བ་དང་སྐྱེ་དུས་ཕྲུ་གུ་ལ་གནོད་སྐྱོན་ཐེབས་སླ་བ་ཡིན།

          གཞན། ལོ་ཆེ་བའི་སྦྲུམ་མའི་ཁམས་དམར་གྱི་རྒྱུ་སྤུས་ཇེ་ཞན་དུ་གྱུར་པ་ལས་ཡ་མ་གཟུགས་ཅན་འབྱུང་སླ་སྟབས། ཕྲུ་གུ་ཡ་མ་གཟུགས་ཅན་དང་རྒྱུད་བཞག་ནད་རིགས་ག་གེ་མོ་འབྱུང་བའི་ཚད་ཀྱང་ལྟོས་བཅས་ཀྱིས་མཐོ་བ་ཡིན།
          སྐྱེས་པའི་ལོ35ལས་བརྒལ་ན། ལུས་ཀྱི་ཕོ་གཤིས་སྐུལ་རྒྱུ་ཉམས་མགོ་ཚུགས་པ་དང་། ཁམས་དཀར་གྱི་གསོན་ཤུགས་ཀྱང་རིམ་པར་ཇེ་ཞན་དུ་འགྲོ་བས། ཁམས་དཀར་གྱི་གཞི་རྒྱུ་གཞན་འགྱུར་གྱི་ཚད་ལྟོས་བཅས་ཀྱིས་ཇེ་མཐོར་འགྲོ་བ་ཡིན། དེ་ནས་མངལ་མི་ཆགས་པ་དང་། སྐྱེས་ན་གནད་དོན་ཡོད་པ། མངལ་ཤོར་བ་དང་མངལ་ནང་ནས་ཤི་བ། ཟླ་ཁ་མ་གང་བར་ཕྲུ་གུ་སྐྱེ་བ་སོགས་ཀྱི་སྣང་ཚུལ་འདྲ་མིན་སྣ་ཚོགས་འབྱུང་སླ་བ་ཡིན། 
རྩོམ་སྒྲིག་པ། བསྟན་ཆོས།