ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཚན་རྩལ་ཁྱབ་སྤེལ།

འབྲི་ཆུའི་བཟོ་ལྟ་ཆེས་ངོ་མཚར་བ་མགོ་ཁུངས་ན་ཡོད་དོན་ཅི་ཡིན།

སྤེལ་དུས 2022-02-07 ཡོང་ཁུངས། འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས། རྩོམ་པ་པོ།
          ཨེ་ཤ་ཡའི་ཆུ་བོ་ཆེས་རིང་བ་དང་འཛམ་གླིང་གི་ཆུ་ནུས་ཆེས་ཆེ་བ་སོགས་ཀྱི་མཚན་སྙན་ཡོད་པའི་འབྲི་ཆུའི་འབྱུང་ཡུལ་ནི་མདོ་དབུས་མཐོ་སྒང་ཡིན་ལ། དེ་ཤར་རྒྱ་མཚོའི་ནང་དུ་འབབ་ཅིང་། ཕལ་ཆེར་ཀྲུང་གོའི་འཛིན་མ་ཡོངས་སུ་བརྒྱུད་ཡོད།

འབྲི་ཆུའི་མགོ་ཁུངས་ཀྱི་བཞུར་ཆུ་སྐྲའི་ལན་བུ་ལྟར་ཡོད་པའི་རྣམ་པ། ལི་ཧྲའོ་ཧྥེང་གིས་པར་བླངས།
          འབྲི་ཆུའི་མགོ་ཁུངས་ཀྱི་བཞུར་ཆུ་ནི་ཆེས་རང་དབང་ལྡན་པ་ཞིག་ཡིན་ལ། མགོ་ཁུངས་ཀྱི་སྐྲའི་ལན་བུར་འདྲ་བའི་ཆུ་ལག་མང་པོ་ནི་མདོ་དབུས་མཐོ་སྒང་གི་དབུས་ཁུལ་དུ་ཁྱབ་ཅིང་། དེའི་ཆ་སྙོམས་མཚོ་འཕགས་སྨི4500ལས་བརྒལ་ཡོད། 
          ཆུ་ལག་རེ་རེའི་བར་ན། ཆེ་ཆུང་མི་འདྲ་བའི་བྱེ་གླིང་མང་པོ་ཡོད་པ་ནི་ཉ་རྒྱ་ཆེན་པོ་ཞིག་ཐང་ལ་བཏིངས་པ་དང་མཚུངས།
          བར་སྣང་ནས་བལྟས་ན། ཁ་དོག་དམར་ནག་ཅན་གྱི་ཆུ་ལག་མང་པོ་ནི་ས་གཞིའི་ཁྲག་རྩ་དང་བུ་མོ་ཆུང་ཆུང་གི་སྐྲའི་ལན་བུ་ལ་འདྲ་བས། རང་བྱུང་ཁམས་ཀྱི་ངོ་མཚར་དེ་དབང་མེད་ངང་ཚོར་ཡོང་།

འབྲི་ཆུའི་མགོ་ཁུངས་ཀྱི་ཟུར་ཞིག པར་རིས་ཞིན་ཧྭ་དྲ་བ་ལས་དྲངས།
          གཅིག འབྲི་ཆུའི་མགོ་ཁུངས་སུ་ཆུ་ལག་ཆགས་དབྱིབས་ངོ་མཚར་བ་འདི་འདྲ་ཡོད་དོན་ཅི་ཡིན་ནམ།
          ཀ ཆུ་ལམ་འབྲུད་སླ་བ་དང་ངོགས་གཉིས་སུ་འགོག་དངོས་ཅི་ཡང་མེད་ན། ཆུ་ལམ་འཕྲེད་དུ་ཁྱབ་ནས་ཇེ་ཆེ་དང་ཇེ་སྲབ་ཏུ་གྱུར་ཏེ་ཆུ་འགྲམ་དང་ཆུ་དཀྱིལ་དུ་བྱེ་གླིང་ཆགས་ནས་ཆུ་བོ་སོ་སོར་བཀྲམ་ཡོད་སྟབས། སྐྲའི་ལན་བུ་ལྟར་ཆགས་པའི་ཆུ་ལག་ཚང་མ་སྤྱིར་བཏང་དུ་ས་ཁོད་ཅུང་སྙོམས་པའི་ས་ཆ་ན་ཡོད།
          ཁ ཆུ་ནང་གི་བྱེ་མའི་འདུས་ཚད་མཐོ་ཞིང་། བཞུར་ཡོང་བའི་བྱེ་མ་དང་ཆུ་ལམ་གྱི་དིམ་བསགས་བྱེ་མ་གཉིས་བརྗེ་རེས་བྱས་པ་ལས། ཆུ་ལམ་མུ་མཐུད་དུ་འགྱུར་ལྡོག་བྱུང་བའི་གནས་སུ་ལྷུང་ཡོད།
          ཆུ་ལོག་བྱུང་བའི་དུས་ལ། ཆུ་ལོག་གིས་སྟོད་རྒྱུད་ཀྱི་བྱེ་འདམ་མང་པོ་བསྐྱལ་ཡོང་བ་དང་། ཆུ་ལམ་ཡངས་པའི་གནས་སུ་ཐོན་དུས། ས་བབ་སྙོམས་པ་དང་ལུང་གཞོང་ཆེ་བའི་དབང་གིས། བཞུར་ཚད་ཀྱང་ཇེ་དལ་དུ་སོང་བ་དང་མཉམ་དུ། བཞུར་ཡོང་བའི་བྱེ་འདམ་དིམ་བསགས་བྱུང་སྟེ་ཆུ་གཏིང་ཐུང་སར་གྱུར་པ་ཡིན།

དམར་ཆུའི་ཟུར་ཞིག པར་རིས་ཞིན་ཧྭ་གསར་འགྱུར་ཁང་ལས་དྲངས།
          ཆུ་ལོག་གི་དུས་བརྒལ་ནས་བཞུར་ཆུ་འགྲིབ་པའི་སྐབས། ཆུ་གཏིང་ཐུང་ས་ཚང་མ་ཆུ་ངོས་སུ་ཐོན་ཏེ་བྱེ་གླིང་དུ་གྱུར་པ་དང་། བྱེ་གླིང་དང་བྱེ་གླིང་གི་བར་ནི་བཞུར་ཚད་ཆུང་བའི་ཆུ་ལམ་ཡིན། ཆུ་ལོག་གི་དུས་བརྒལ་ཐེངས་རེ་ལ། སྔར་གྱི་ཆུ་ལམ་དང་བྱེ་གླིང་ཚང་མ་རྣམ་པ་གསར་བ་ཞིག་ཏུ་འགྱུར་བ་ཡིན།
          ག ཆུ་བོའི་བཞུར་ལམ་གཙོ་བོ་ལ་འགྱུར་བ་བྱུང་བ་ལས་ཆུ་ལམ་ཆུང་ངུ་ལ་འགྱུར་བ་བྱུང་བར་མ་ཟད། ད་དུང་ཆུ་བོའི་བཞུར་ཚད་ཀྱང་བརྟན་འཇགས་མིན་པས། སྐྲའི་ལན་བུ་ལྟ་བུའི་ཆུ་ལག་གི་རྣམ་པ་འདི་གྲུབ་པ་ཡིན།
          གཉིས། ཚེ་སྲོག་གི་བསླས་འཐག
          སྐྲའི་ལན་བུ་ལྟ་བུའི་ཆུ་ལག་འདི་ཡིས་འཁྱགས་ཀླུང་དང་བྱེ་འདམ་སོགས་བཏགས་པར་མ་ཟད། ད་དུང་རི་སྐྱེས་སྲོག་ཆགས་མང་པོའི་ལས་དབང་ཡང་འཐག་བཞིན་ཡོད།

ཆུ་དམར་གཙང་པོའི་ཟུར་ཞིག པར་རིས་ཞིན་ཧྭ་གསར་འགྱུར་ཁང་ལས་དྲངས།
          ཆུ་དམར་གཙང་པོ་ནི་མདོ་དབུས་མཐོ་སྒང་གི་ཆར་ཆུའི་འབབ་ཚད་ཆེས་ཉུང་བའི་ས་ཆ་སྟེ་ཨ་ཆེན་གངས་རྒྱབ་བརྒྱུད་པའི་ཆུ་བོ་ཞིག་ཡིན་ཞིང་། གནས་དེའི་ས་གཤིས་ཞན་པ་དང་རྩི་ཤིང་དཀོན་པར་མ་ཟད། ད་དུང་ས་ཆུ་ཤོར་བའི་གནས་ཚུལ་ཡང་ཧ་ཅང་ཛ་དྲག་ཡིན་སྟབས། བཞུར་ཆུའི་མདོག་ནི་དམར་སེར་ཡིན་ལ། དེ་ནི་འཛིན་མའི་ཕྱི་ངོས་ན་ཡོད་པའི་ཁྲག་རྩ་ཞིག་དང་འདྲ། 
          སྐྲའི་ལན་བུ་ལྟ་བུའི་ཆུ་ལག་གིས་ཆུ་དམར་གཙང་པོའི80%ཙམ་ཟིན་ཡོད་པ་དང་། དེ་ནི་རི་དྭགས་གཙོད་ཀྱི་འཚོ་གནས་བྱེད་ས་མཆོག་ཏུ་གྱུར་པ་ཞིག་ཡིན་པར་མ་ཟད། ད་དུང་མདོ་དབུས་མཐོ་སྒང་དུ་འཚོ་བའི་བྱ་རིགས་འགའ་ལ་མཚོན་ནའང་། དེ་ལ་དམིགས་བསལ་གྱི་དོན་སྙིང་ཆེན་པོ་ཡོད།

ཁྲུང་ཁྲུང་སྒལ་སྒྲོ། པར་རིས་ནུབ་མཚོའི་གྲོང་ཁྱེར་ཚགས་པར་ལས་དྲངས།
          ཁྲུང་ཁྲུང་སྒལ་སྒྲོ(蓑羽鹤)ཡང་དེའི་ནང་གི་གཅིག་ཡིན་ལ། འདི་ནི་རི་བོ་ཧི་མ་ལ་ཡ་བརྒལ་བའི་བྱ་རིགས་ཤིག་ཡིན། ལོ་རེ་ལ། ཁྲུང་ཁྲུང་སྒལ་སྒྲོ་སྟོང་ཕྲག་ཙམ་གྱིས་སྐྲའི་ལན་བུ་ལྟ་བུའི་ཆུ་ལག་ཆགས་ཡུལ་གྱི་གནས་འདི་བར་བརྒལ་ས་ཚིགས་སུ་བྱས་ཏེ། ཆུ་བོའི་འགྲམ་ངོགས་ཀྱི་རྩྭ་གསེང་ནས་ངལ་གསོ་བྱེད་པ་དང་ཁ་ཟས་འཚོལ་བ་རེད།
          སྟོན་ཁར། གནས་འདི་ནི་ཤྭ་བ་མཆུ་དཀར་གྱིས་བརྩེ་བ་མཚོན་པའི་འཐབ་ར་ལྟ་བུར་གྱུར་ཡོད།

ཤྭ་བ་མཆུ་དཀར། པར་རིས་རྒྱལ་ཁབ་ནགས་རྩྭ་ཅུས་ལས་དྲངས།
          བྱེ་གླིང་མང་ཞིང་ཆུ་གཏིང་ཐུང་བའི་སྐྲའི་ལན་བུ་ལྟ་བུའི་ཆུ་ལམ་ཆགས་ཡུལ་འདི་ནི་སྲོག་ཆགས་རྣམས་ཆུ་ལ་བརྒལ་ས་ཞིག་ཡིན་པར་མ་ཟད། ད་དུང་གནའ་བོའི་ཚོང་ལམ་གྱི་རབ་ཁ་ཞིག་ཀྱང་ཡིན།
          ཆུ་ལམ་རེའི་ཁ་ཞེང་མི་ཆེ་བ་དང་ཆུའི་བཞུར་ཚད་དལ་ལ། རྟ་དང་འབྲི་གཡག་གི་ཁལ་མ་སོགས་ཀྱང་བཞུར་ཆུ་རེར་བརྒལ་ནས་བྱེ་གླིང་རེ་ལ་ཐོན་རྗེས་ངལ་གསོ་རེ་བྱེད་པས། བྱེ་གླིང་དེ་ཚོ་ནི་འབྲི་ཆུའི་སྟེང་གི“བདེ་འཇགས་གླིང་ཕྲན”དུ་གྱུར་ཡོད། 
རྩོམ་སྒྲིག་པ། བསྟན་ཆོས།