ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཚན་རྩལ་ཁྱབ་སྤེལ།

མདོ་དབུས་མཐོ་སྒང་གི“ཤམ་བྷ་ལ”ཡི་གསང་བ་བརྟོལ་བ།

སྤེལ་དུས 2022-02-16 ཡོང་ཁུངས། འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས། རྩོམ་པ་པོ།
          ལོ་ཁྲི3800ཡི་སྔོན་ལ། མདོ་དབུས་མཐོ་སྒང་གི་དབུས་རྒྱུད་དུ་མཚོ་འཕགས་ལ་སྨི2000ཙམ་ཡང་མེད་པའི“ཤམ་བྷ་ལ”ཞེས་པའི་ས་ཆ་ཞིག་ཡོད་པ་རེད། ས་ཆ་དེ་ནི་དུས་ནམ་ཞིག་ལ་ཡར་འཕགས་ཏེ་མཚོ་འཕགས་སྨི4000ཡོད་པར་གྱུར་པ་དང་། ཇི་ལྟར་ཡར་འཕགས་པ་ཡིན་ནམ་ཞེ་ན།

          རྒྱ་གར་གླིང་དུམ་དང་ཡོ་རོབ་ཨེ་ཤ་ཡ་གླིང་དུམ་གཉིས་གདོང་ཐུག་བརྒྱབ་རྗེས། མཐོ་ཞིང་བརྗིད་པའི་གངས་ཏི་སེའི་རི་བཟོ་ཁུལ་དང་དབུས་རྒྱུད་འབྱེད་མཚམས་ཀྱི་རི་བཟོ་ཁུལ་གཉིས་ཀྱི་བར་དུ། ད་ལྟའི་ས་ཆའི་ཆགས་སྟངས་དང་མི་འདྲ་ཞིང་མཚོ་འཕགས་དམའ་བའི་དབུས་རྒྱུད་གཞོང་ས་ཞིག་བྱུང་མྱོང་ལ། དེ་ནི་ནུབ་ནས་ཤར་ལ་དེང་སང་གི་རུ་ཐོག-སྒེར་རྩེ-ཉི་མ-དཔལ་མགོན-ནག་ཆུ-སྟེང་ཆེན་བཅས་རྫོང་གི་མུ་རྒྱུད་དུ་ཁྱབ་ཡོད།
          1997ལོ་ནས་བཟུང་། ཀྲུང་གོའི་ཚན་རིག་གླིང་མདོ་དབུས་མཐོ་སྒང་ཞིབ་འཇུག་ཁང་གི་ཡོན་ཧྲི་ཏིང་ལིན་གྱིས་སྣེ་ཁྲིད་བྱས་པའི་ཞིབ་འཇུག་ཚོགས་པ་ཡིས་མདོ་དབུས་མཐོ་སྒང་གི་དབུས་རྒྱུད་གཞོང་སའི་དཀྱིལ་གྱི་ལོན་པོ་ལའི་གཞོང་ས་རུ་བྱེས་བགྲོད་རྟོག་ཞིབ་བསྟུད་མར་བྱས་ཏེ་དབུས་རྒྱུད་གཞོང་ས་འདི་ཡར་འཕགས་པའི་གསང་བ་བརྟོལ་རྒྱུ་ལ་ཚོད་ལྟ་བྱས།
          ལོན་པོ་ལའི་གཞོང་ས་ནི་དཔལ་མགོན་རྫོང་ཁོངས་སུ་ཡོད་ཅིང་། རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ3600ཙམ་དང་། མཚོ་འཕགས་ལ་སྨི4700ཙམ། ལོ་རེའི་ཆ་སྙོམས་དྲོད་ཚད0℃ཙམ། ལོ་རེའི་ཆར་ཆུའི་འབབ་ཚད་ཧའོ་སྨི400ནས500ཙམ་བཅས་ཡོད་ལ། འདི་ནི་དཔེ་མཚོན་རང་བཞིན་གྱི་མཐོ་གྲང་དུས་རླུང་གནམ་གཤིས་ལ་གཏོགས་པས། མདོ་དབུས་མཐོ་སྒང་གི་ཡར་འཕགས་ལོ་རྒྱུས་དང་ནང་རྐྱེན། ཁོར་ཡུག་དང་སྐྱེ་དངོས་ནུས་སྣང་ལ་ཞིབ་འཇུག་བྱེད་པའི་ས་ཁུལ་གཙོ་བོ་ཞིག་ཡིན།

          “གཞོང་སའི་ནང་དུ་མེ་རིའི་སོལ་བ་མི་འདྲ་བ9ཙམ་རྙེད་པ་དང་། དེ་ལ་ཛིར་རྡོ་ཡུ་ཞའི་ལོ་བརྟག(锆石铀铅测年)བྱེད་ཐབས་སྤྱད་དེ་ལོ་དུས་གཏན་འཁེལ་བྱས་པར་མ་ཟད། ད་དུང་ལོན་པོ་ལའི་གཞོང་ས་ཡི་ལོ་ཁྲི5000གི་སྔོན་ནས་ལོ་ཁྲི2000གི་སྔོན་གྱི་དིམ་བསགས་ས་རིམ་གྱི་ཐག་ཆོད་ལོ་རབས་སྒྲོམ་གཞི་ཡང་བཙུགས”ཞེས་ཀྲུང་གོའི་ཚན་རིག་གླིང་མདོ་དབུས་མཐོ་སྒང་ཞིབ་འཇུག་ཁང་གི་འབུམ་རམས་པ་ཞུང་ཀྲུང་ཡུས་ཀྱིས་མཚམས་སྦྱོར་བྱས།
          ལོ་རབས་སྒྲོམ་གཞི་འདིའི་རྨང་གཞི་ཐོག ཞིབ་འཇུག་ཚོགས་པ་ཡིས་དབྱིན་ཇིའི་པུ་རི་སི་ཐོལ་སློབ་ཆེན་གྱི་གནའ་བོའི་གནམ་གཤིས་ལད་ཟློས་ཚོགས་པ་ལ་མཉམ་འབྲེལ་བྱས་ཏེ་མདོ་དབུས་མཐོ་སྒང་དུ་ཐེངས་དང་པོར་གནའ་བོའི་གནམ་གཤིས་ལད་ཟློས་ཀྱི་བྱེད་ཐབས་སྤྱད་ནས་མདོ་དབུས་མཐོ་སྒང་གི་དབུས་རྒྱུད་གཞོང་སའི་ཆར་ཆུ་འབབ་སྟངས་ནི་དབྱར་དང་དགུན་གྱི་དུས་ཚིགས་གཉིས་ཡོད་པ་གཏན་འཁེལ་བྱས་པར་མ་ཟད། ད་དུང་ཆར་ཆུའི་འབབ་ཚད་དང་ས་ངོས་ཀྱི་རླངས་འགྱུར། ས་གཤིན་གྱི་ཆུའི་འདུས་ཚད་བཅས་ལ་ཟུང་འབྲེལ་བརྟག་དཔྱད་བྱས་ཏེ་གནའ་བོའི་ས་གཤིན་གྱི་ཀལ་རྒྱུ་རྡུལ་གྲུབ་ཀྱི་ཆགས་པའི་དུས་ཚིགས་ཀྱང་གསལ་བར་བྱས།
          ཞིབ་འཇུག་ཚོགས་པ་ཡིས་ད་དུང་གསར་གཏོད་རང་བཞིན་གྱི་སྒོ་ནས་ས་ངོས་མཁའ་དབུགས་ཀྱི་བརླན་ལྒང་དྲོད་ཚད་དང་བརླན་ལྒང་དྲོད་ཚད་ཐད་འཕྲི་ཚད་ཀྱི་གཏན་གྲངས་སྤྱད་དེ་ལོན་པོ་ལའི་གཞོང་ས་ཡི་ས་ངོས་མཐོ་ཚད་འགྱུར་ལྡོག་གི་ལོ་རྒྱུས་སླར་གསོ་བྱས་ཡོད།

          ཞིབ་འཇུག་གྲུབ་འབྲས་སུ་གསལ་བ་ལྟར་ན། ལོ་ཁྲི5000གི་སྔོན་ནས་ལོ་ཁྲི3800ཡི་སྔོན་ཙམ་ལ། མདོ་དབུས་མཐོ་སྒང་ནི“རི་བོ་གཉིས་དང་གཞོང་ས་གཅིག”ལྟར་གྱི་ས་བབ་ཆགས་སྟངས་ཤིག་ཡིན་པ་དང་། གངས་ཏི་སེའི་རི་རྒྱུད་ཀྱི་མཚོ་འཕགས་ནི་སྨི4500ཙམ་དང་དབུས་རྒྱུད་འབྱེད་མཚམས་ཀྱི་མཚོ་འཕགས་ནི་སྨི4000ཙམ། དེ་གཉིས་ཀྱི་བར་དུ་མཚོ་འཕགས་ལ་སྨི1700ཙམ་ཡོད་པའི་དབུས་རྒྱུད་གཞོང་ས་ཞིག་ཡོད་པ་རེད།
          དབུས་རྒྱུད་གཞོང་སའི་གནམ་གཤིས་དྲོད་ཚད་དང་བརླན་ཚད། ཆར་ཆུའི་འབབ་ཚད་ནི་ནུབ་རླུང་དང་དུས་རླུང་གིས་མཉམ་དུ་བསྐྱེད་པ་དང་། ཚ་ཁུལ་ཕལ་བའི་ཡུལ་གྱི་སྲོག་ཆགས་དང་སྐྱེ་དངོས་མང་པོ་ཡོད་པས། འདི་ནི་མདོ་དབུས་མཐོ་སྒང་གི“ཤམ་བྷ་ལ”ཡིན། ལོ་ཁྲི3800ཡི་སྔོན་ནས་ལོ་ཁྲི2900ཡི་སྔོན་ཙམ་ལ། ལོན་པོ་ལའི་གཞོང་ས་གཙོས་པའི་དབུས་རྒྱུད་གཞོང་ས་མགྱོགས་མྱུར་ངང“ཡར་འཕགས”ཏེ་མཚོ་འཕགས་སྨི4000ལས་བརྒལ་བའི་མཐོ་སྒང་དུ་གྱུར་པ་དང་། དེ་ཡིས་མདོ་དབུས་མཐོ་སྒང་གི་གྲུབ་ཆ་གཙོ་བོ་ཆགས་པ་ཡང་མཚོན།
          གནམ་གཤིས་ལ་འགྱུར་ལྡོག་བྱུང་བ་ལས། མདོ་དབུས་མཐོ་སྒང་གི་དཀྱིལ་ཁུལ་ནི་དྲོད་གཤེར་ལྡན་པའི་ཚ་ཁུལ་ཕལ་བའི་སྐྱེ་ཁམས་མ་ལག་ནས་གྲང་འཁྱགས་བརླན་མེད་ཀྱི་མཐོ་གྲང་སྐྱེ་ཁམས་མ་ལག་ཏུ་གྱུར་པ་དང་། ས་ངོས་ཀྱི་སྐྱེ་དངོས་གཙོ་བོ་ཡང་རི་མཐོའི་སྤང་ཐང་དུ་གྱུར་པ་རེད། 
རྩོམ་སྒྲིག་པ། བསྟན་ཆོས།