ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > དཔྱད་གཏམ་དྲང་འཇལ།

ཀྲུང་གོ་གུང་ཁྲན་ཏང་མེད་ན་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་ཡོང་མི་སྲིད།

སྤེལ་དུས 2021-09-16 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
          འདི་ལོ་ནི་བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་70འཁོར་བའི་ལོ་ཞིག་རེད།ལོ་70གོང་གི་ཟླ་5ཚེས་23ཉིན《ཀྲུང་དབྱང་མི་དམངས་སྲིད་གཞུང་དང་བོད་ས་གནས་སྲིད་གཞུང་གིས་བོད་ལྗོངས་ཞི་བས་བཅིངས་འགྲོལ་འབྱུང་ཐབས་སྐོར་གྱི་གྲོས་མཐུན》བསྡུས་མིང་ལ(གྲོས་མཐུན་དོན་ཚན་བཅུ་བདུན་ཞེས་བརྗོད་པ)ལ་མིང་རྟགས་བཀོད་ནས་བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་བ་ཁྱབ་བསྒྲགས་བྱས་པ་རེད།
          ཞི་བས་བཅིངས་འགྲོལ་བཏང་རྗེས་བོད་དུ་དམངས་གཙོའི་བཅོས་སྒྱུར་དང་།བོད་རང་སྐྱོང་ལྗོངས་དབུ་བརྙེས་པ་དང་སྒྱུར་བཅོས་སྒོ་དབྱེ་སོགས་འཕེལ་རྒྱས་ཀྱི་དུས་མཚམས་གལ་ཆེན་བརྒྱུད་ནས་སྤྱི་ཚོགས་ཀྱི་ལམ་ལུགས་གསར་རྐྱང་ཞིག་བཙུགས་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་བྱུང་སྟེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཐོག་བསྐྱོད་ཡོད།
          ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན།བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་འཕྲད་པའི་དུས་བབ་ལ་ཚན་རིག་དང་མཐུན་པའི་དབྱེ་ཞིབ་གནང་བ་དང་།རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་རབ་དང་རིམ་པར་འགྲེལ་བཤད་གཏིང་ཟབ་བརྒྱབ་ནས་ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་སྤྱི་ཡོངས་ཁྲོད་བོད་ལྗོངས་ཀྱི་ལས་དོན་ལ་བཀོད་སྒྲིག་དང་སྐུལ་འདེད་བཏང་སྟེ་དུས་རབས་གསར་པའི་བོད་ཀྱི་ལས་དོན་ལ་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད།
          ལོ་70རིང་།བོད་ལྗོངས་འདི་ཉིད་མུན་ནག་ནས་འོད་ཟེར་གྱི་ཕྱོགས་སུ་སྐྱོད་པ་དང་།རྗེས་ལུད་ནས་ཡར་ཐོན་གྱི་ཕྱོགས་སུ་སྐྱོད་པ།དབུལ་ཕོངས་ནས་འབྱོར་ཕྱུགས་ཀྱི་ཕྱོགས་སུ་སྐྱོད་པ།སྲིད་དབང་སྒེར་བཅོས་ནས་དམངས་གཙོའི་ཕྱོགས་སུ་སྐྱོད་པ།སྒོ་བརྒྱབ་ནས་སྒོ་དབྱེའི་ཕྱོགས་ལ་སྐྱོད་དེ་དུས་ཐུང་ལོ་བཅུ་ཕྲག་ཁ་ཤས་ནང་ལོ་ངོ་སྟོང་གི་མཆོང་སྐྱོད་ལྟ་བུའི་འཕོ་འགྱུར་ཆེན་པོ་མངོན་འགྱུར་བྱུང་ཡོད།བོད་ལྗོངས་རྙིང་པར་ཞིང་བྲན་ལ་མི་ལུས་རང་དབང་སྤུ་ཙམ་ཡང་མེད་ལ།དམངས་གཙོའི་དབང་ཆ་དེ་བས་ཀྱང་མེད།གཞི་རྕའི་འགྲོ་བ་མིའི་ཐོབ་ཐང་ཁག་འགན་ལེན་བྱེད་མི་ཐུབ་པས་གཉེན་སྒྲིག་བྱས་ཀྱང་ངེས་པར་དུ་མངའ་བདག་གི་མོས་མཐུན་ཐོབ་དགོས་པས“སྐད་ཆ་ཤོད་ཤེས་པའི་ལག་ཆ”ཞེས་བརྗོད་ཀྱི་ཡོད།ང་ཚོའི་ཏང་གིས་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱའི་འགོ་ཁྲིད་ནས་བཀས་བཀོད་རྒྱུན་འཛིན་ཞིང་བྲན་ལམ་ལུགས་མེད་པ་བཟོས་ཏེ།མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་དང་།ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་གནང་བའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོལ་མོལ་ལམ་ལུགས།མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས།གཞི་རིམ་མང་ཚོགས་ཀྱི་རང་སྐྱོང་ལམ་ལུགས་བཅས་ཟམ་མི་ཆད་པར་འཐུས་ཚང་དང་དོན་འཁྱོལ་བྱས་ནས་མི་རིགས་ཁག་གི་ཁེ་དབང་དང་རང་དབང་ལ་འགན་སྲུང་གང་ལེགས་བྱུང་སྟེ།ཞིང་བྲན་ཁྲི་ཚོ་བརྒྱར་ཡར་ལངས་བཅིངས་འགྲོལ་ཐོབ་རྒྱུ་དེ་བོད་ཀྱི་ས་གནས་སྤྱི་ཚོགས་ཀྱི་ལས་འགན་དུ་རྩིས་ནས་རང་ཉིད་ཀྱི་ལས་དབང་གི་བདག་པོར་ཁ་ལོ་བསྒྱུར་ནས་བོད་ལྗོངས་ཀྱི་སྤྱི་ཚོགས་ཀྱི་དངོས་པོའི་རྒྱུ་ནོར་དང་བསམ་པའི་རྒྱུ་ནོར་གསར་གཏོད་བྱེད་མཁན་དང་ལོངས་སྤྱོད་བྱེད་མཁན་ཞིག་ཏུ་གྱུར་ཡོད།
          ལོ་70རིང་།ཀྲུང་གོའི་གུང་ཁྲན་ཏང་གིས་བོད་ལྗོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཀྱི་མཛད་རྗེས་བསྐལ་རྒྱར་བཞག་ཡོད།དུས་རབས་གསར་པར་སླེབས་རྗེས།བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ལྗོངས་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་བོད་ལྗོངས་ཀྱི་ལས་དོན་ལ་ཁ་ཕྱོགས་སྟོན་པ་དང་།ཇུས་བཀོད་ལེགས་པོ་གནང་ནས་བྱ་གཞག་ཁག་ལ་ཕྱོགས་ཡོངས་ནས་ཡར་རྒྱས་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད།ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་།རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་ཤུགས་ཆེན་རྒྱབ་སྐྱོར་འོག་བོད་ལྗོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ཐོབ་པ་དང་།སྤྱི་ཚོགས་ཀྱི་སྤྱི་ཡོངས་དེ་བས་བརྟན་ལྷིང་དང་།དཔལ་འབྱོར་དང་རིག་གནས་དེ་བས་དར་རྒྱས་བྱུང་ནས་སྐྱེ་ཁམས་ཁོར་ཡུག་དེ་བས་ལེགས་པ་དང་མི་དམངས་ཀྱི་འཚོ་བ་དེ་བས་བདེ་སྐྱིད་ལྡན་པ་ཞིག་ཡོང་བ་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་རྐྱང་ཞིག་འཛམ་གླིང་སྐྱེ་བོ་ཀུན་གྱི་མིག་ལམ་དུ་མངོན་པར་བྱས་ཡོད།
          ལོ་རྒྱུས་དང་ལག་ལེན་གྱི་ཐོག་ནས་ཀྲུང་གོ་གུང་ཁྲན་ཏང་མེད་ན་ཀྲུང་གོ་གསར་པ་མེད་ལ།བོད་ལྗོངས་གསར་པའང་མེད་པས་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་སྐོར་གྱི་བྱེད་ཕྱོགས་དང་སྲིད་ཇུས་ནི་རྦད་དེ་ཡང་དག་པ་ཞིག་ཡིན་པ་ར་འཕྲོད་གང་ལེགས་བྱུང་ཡོད།མེས་རྒྱལ་གོང་བུ་གཅིག་གྱུར་དང་མངའ་ཁོངས་ཆ་ཚང་སྲུང་སྐྱོང་བྱ་རྒྱུ་མཐའ་འཁྱོངས་བྱས་ཚེ་གཞི་ནས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་རྩ་བའི་ཁེ་ཕན་འགན་ལེན་བྱེད་ཐུབ་པ་དང་།ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས།མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་བཅས་མཐའ་འཁྱོངས་བྱས་ཚེ་གཞི་ནས་བོད་ཀྱི་ཡུན་རིང་བདེ་འཁོད་དང་།དར་རྒྱས་གོང་འཕེལ་ལ་རྩ་བའི་འགན་ལེན་བྱེད་ཐུབ་པ་དང་།སྒྱུར་བཅོས་སྒོ་དབྱེ་མཐའ་འཁྱོངས་བྱས་ཚེ་གཞི་ནས་བོད་ལྗོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་ཕྱོགས་ཡོངས་ནས་ཡར་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཐུབ་པ་དང་།མི་དམངས་ལྟེ་བར་འཛིན་པའི་བསམ་བློ་མཐའ་འཁྱོངས་བྱས་ཚེ་གཞི་ནས་བོད་ལྗོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་ཞིང་སྐྱིད་པའི་འཚོ་བར་བཅངས་པའི་རེ་འདོད་སྐོང་ཐུབ་པ་དང་།དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཐབས་ཇུས་མཐའ་འཁྱོངས་བྱས་ཚེ་གཞི་ནས་མཐུན་སྒྲིལ་འབྱོར་ཕྱུག་ཤེས་དཔལ་ཞི་མཐུན་མཛེས་སྡུག་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་འཛུགས་སྐྲུན་བྱེད་ཐུབ།
རྩོམ་སྒྲིག་པ། བདེ་སྒྲོལ།