ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > དཔྱད་གཏམ་དྲང་འཇལ།

ཀྲུང་གོའི་མདུན་སྐྱོད་ཀྱི་གོམ་སྟབས་འགོག་ཐུབ་མཁན་གཅིག་ཀྱང་མེད།

སྤེལ་དུས 2021-09-27 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པདྨ་ཚེ་རིང་གིས་བསྒྱུར།
མི་དམངས་ཉིན་རེའི་ཚགས་པར་གྱིས་མེང་ཝན་ཀྲོའུ་རྒྱལ་ནང་དུ་ལོག་པར་དཔྱད་གཏམ་སྤེལ་དོན། ཀྲུང་གོའི་མདུན་སྐྱོད་ཀྱི་གོམ་སྟབས་འགོག་ཐུབ་པའི་སྟོབས་ཤུགས་གང་ཡང་མེད།

           ཟླ9པའི་ཚེས25ཉིན།  ཀྲུང་གོའི་སྤྱི་དམངས་མེང་ཝན་ཀྲོའུ་ཀྲུང་གོའི་སྲིད་གཞུང་གིས་གླས་པའི་གནམ་གྲུར་བསྡད་དེ་མེས་རྒྱལ་གྱི་པང་དུ་ལོག  འདི་ནི་ཏང་ཀྲུང་དབྱང་གིས་འགོ་ཁྲིད་སྟོབས་དང་ལྡན་པ་གནང་བའི་འབྲས་བུ་དང་། ཀྲུང་གོའི་སྲིད་གཞུང་གིས་འབད་བརྩོན་ལྷོད་མེད་བྱས་པའི་འབྲས་བུ། ཀྲུང་གོའི་མི་དམངས་ཀྱིས་རྒྱབ་སྐྱོར་ཤུགས་ཆེན་བྱས་པའི་འབྲས་བུ། ཀྲུང་གོའི་མི་དམངས་ཀྱི་རྒྱལ་ཁ་གལ་ཆེན་བཅས་རེད།
           མེང་ཝན་ཀྲོའུ་ཡི་དོན་རྐྱེན་ནི་རྐང་བཙུགས་ནས་ཀྲུང་གོའི་སྤྱི་དམངས་ལ་ཁ་གཏད་ཅིང་། ཀྲུང་གོའི་ཁེ་ལས་ལག་རྩལ་མཐོ་གྲས་ཀྱི་མགོ་གནོན་པར་བྱེད་པའི་ཆབ་སྲིད་སྦྱོར་བ་ཞིག་རེད།  དེ་ནི་སྔོན་ཆད་ནས་དོན་དངོས་ཀྱིས་ར་སྤྲོད་བྱས་ཡོད་པ་ཞིག་གོ །2018ལོའི་ཟླ12པའི་ཚེས1ཉིན།  ཨ་རིས་ལྐོག་ཇུས་བཤམས་ཏེ། ཧྭ་ཝུའེ་ཀུང་སིའི་དབུ་བཞུགས་ནོར་དོན་དཔོན་པོ་མེང་ཝན་ཀྲོའུ་ཡིས་ཁ་ན་ཏར་གནམ་གྲུ་བརྗེ་སྐབས་སུ། ཁ་ན་ཏའི་བཅའ་ཁྲིམས་དང་འགལ་བའི་སྤྱོད་ཚུལ་ཅི་ཡང་མེད་ཀྱང་ཁ་ན་ཏ་ཕྱོགས་ཀྱིས་ཁུངས་ལུང་གང་ཡང་མེད་པར་བཀག་སྐྱིལ་བྱས། ཨ་རིའི་ཕྱོགས་ཀྱིས་མགོ་སྐོར་གཡོ་འཕྲུལ་བཏང་བའི་མིང་ཐོག་ནས་མེང་ཝན་ཀྲོའུ་ཞུ་གཏུག་བྱས་པ་དེ་ནི་རྦད་དེ་རྫུན་བཟོ་བྱས་པ་ཞིག་རེད། ཨ་རི་དང་ཁ་ན་ཏ་གཉིས་ཀྱིས་རྒྱལ་ཁབ་དེ་གཉིས་ཀའི་དབར་གྱི་ཁྲིད་སྐྱེལ་ཆིངས་ཡིག་གང་བྱུང་མང་བྱུང་དུ་སྤྱད་ཅིང་། ཁྲིམས་ལ་ཁ་གཡར་ནས་ཀྲུང་གོའི་སྤྱི་དམངས་ལ་གནོད་འཚེ་བཏང་བའི་བྱ་སྤྱོད་ལ་དག་འབུལ་དང་ཐར་ཐབས་བྱེད་ཀྱིན་ཡོད་ཀྱང་། རྒྱལ་སྤྱིའི་སྤྱི་ཚོགས་ཚང་མས་གསལ་པོར་ཤེས་གསལ་ལྟར། ཨ་རི་དང་ཁ་ན་ཏ་ཡིས་བཤད་པའི་བཅའ་ཁྲིམས་ནི་ཨ་རིས་གཡོ་ལེན་བཙན་འཕྲོག་དང་། རྡུང་རྡེག་གཏོང་བ། སྒེར་དོན་སྒྲུབ་པ་བཅས་ལ་ཞབས་འདེགས་ཞུ་བའི་ཡོ་བྱད་ཁོ་ན་ལས། དེ་ལ་དྲང་བདེན་རང་བཞིན་དང་ལུགས་མཐུན་རང་བཞིན་སྤུ་ཙམ་ཡང་མེད།
           མེང་ཝན་ཀྲོའུ་ཡི་དོན་རྐྱེན་གྱི་ཐད་ནས་ཀྲུང་གོའི་སྲིད་གཞུང་གི་ལངས་ཕྱོགས་ནི་ཐོག་མཐའ་བར་གསུམ་དུ་བརྟན་པོ་དང་གསལ་པོ་ཡིན། ཀྲུང་གོའི་སྲིད་གཞུང་གིས་དགོས་ངེས་བྱ་ཐབས་གང་ཡོད་ཚང་མ་སྤྱད་དེ་བློ་བརྟན་འགྱུར་མེད་ངང་རང་རྒྱལ་ཁབ་ཀྱི་སྤྱི་དམངས་དང་ཁེ་ལས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱེད་ཀྱིན་ཡོད།  ཀྲུང་གོའི་སྲིད་གཞུང་གིས་མེང་ཝན་ཀྲོའུ་ལུགས་མེད་བཀག་སྐྱིལ་བྱས་པའི་གནས་ཚུལ་ཤེས་འཕྲལ་དུ།  ཕ་རོལ་ལ་འབྲེལ་གཏུག་ནན་མོ་བྱས་ཤིང་ལངས་ཕྱོགས་བཙན་པོ་གསལ་སྟོན་བྱས་པར་མ་ཟད། མེང་ཝན་ཀྲོའུ་ལ་གང་མྱུར་གྱིས་གཞུང་ཚབ་ཕྱོགས་ནས་རོགས་རམ་བྱས། དེའི་རྗེས་སུ་ཀྲུང་གོའི་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་ཁ་ན་ཏ་ཕྱོགས་ལ་མེང་ཝན་ཀྲོའུ་གློད་གྲོལ་གཏོང་དགོས་པ་དང་མོའི་ཁྲིམས་མཐུན་ཁེ་དབང་ལ་འགན་སྲུང་བྱ་དགོས་པར་དྲན་སྐུལ་ནན་མོ་བྱས། ཀྲུང་གོའི་མི་དམངས་དུང་ཕྱུར་བཅུ་ཕྲག་གིས་ཀྱང་དྲང་བདེན་དུ་སྐད་འབོད་བསྒྲགས། མེང་ཝན་ཀྲོའུ་བདེ་འཇགས་ངང་མེས་རྒྱལ་གྱི་པང་དུ་ལོག་པ་དེས་ཀྲུང་གོའི་གུང་ཁྲན་ཏང་དང་། ཀྲུང་གོའི་མི་དམངས་དུང་ཕྱུར14ལྷག རླབས་ཆེན་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཅས་ནི་ནམ་ཡང་ཀྲུང་གོའི་སྤྱི་དམངས་ཀྱི་རྒྱབ་རྟེན་ཆེས་སྟོབས་ཆེན་དེ་ཡིན་པ་གསལ་པོར་མཚོན།

           མེང་ཝན་ཀྲོའུ་ཡི་དོན་རྐྱེན་དེའི་ཐོག་ནས་ཀྲུང་གོས་རྙོག་དྲ་མི་བཟོ་ལ་དོན་དག་བྱུང་ན་སྐྲག་ཀྱང་མི་སྲིད་པ་གསལ་པོར་མཚོན། ཆབ་སྲིད་གནོད་སྐྱེལ་དང་ཁྲིམས་འཛིན་གང་བྱུང་དུ་སྤེལ་བའི་སྤྱོད་ལམ་ཅི་རིགས་ཤིག་ཡིན་ཡང་ཀྲུང་གོས་གཏན་ནས་དང་ལེན་མི་བྱེད་པ་དང་། ཀྲུང་གོའི་སྤྱི་དམངས་ལ་རྒྱལ་ཁབ་གཞན་གྱི་ཆབ་སྲིད་གནོད་འཚེ་གཏོང་དུ་གཏན་ནས་མི་འཇུག ཀྲུང་གོའི་མི་དམངས་ནི་དྲང་བདེན་གོང་དུ་བཀུར་བ་དང་བཙན་ཤེད་ལ་མི་སྐྲག་པའི་མི་དམངས་ཡིན། ཀྲུང་ཧྭ་མི་རིགས་ནི་མི་རིགས་ཀྱི་སྤོབས་སེམས་དང་ཡིད་ཆེས་དྲག་པོ་ལྡན་པའི་མི་རིགས་ཤིག་ཡིན། ཀྲུང་གོའི་མི་དམངས་ཀྱིས་རྒྱལ་ཁབ་གཞན་དག་གི་མི་དམངས་ལ་བརྙས་བཅོས་དང་གཉའ་གནོན། བྲན་བཀོལ་བཅས་གཏན་ནས་བྱས་མྱོང་མེད་ལ། ཕྱི་ཕྱོགས་ཀྱི་སྟོབས་ཤུགས་གང་ཞིག་གིས་ཀྱང་ང་ཚོར་བརྙས་བཅོས་དང་གཉའ་གནོན། བྲན་བཀོལ་བཅས་གཏན་ནས་བྱེད་མི་ཆོག  མི་སུ་ཞིག་དང་སྟོབས་ཤུགས་གང་ཞིག་གིས་དེ་འདྲ་བྱ་རྒྱུའི་རེ་སྟོང་བཅངས་ཀྱང་ཀྲུང་གོའི་མི་དམངས་ཀྱིས་གཏན་ནས་བྱེད་དུ་འཇུག་མི་སྲིད།
           མེང་ཝན་ཀྲོའུ་ཡི་དོན་རྐྱེན་དེའི་ངོ་བོ་ནི་ཨ་རི་ཡིས་ཀྲུང་གོའི་འཕེལ་རྒྱས་ལ་བཀག་འགོག་དང་ཐ་ན་མཚམས་གཅོད་འདོད་པ་དེ་རེད། ཀྲུང་གོས་འདི་ལྟར་འབད་བརྩོན་བྱས་པ་བྱེད་དོན་ནི།  སྤྱི་དམངས་ཤིག་གི་ཁེ་དབང་དང་ཁེ་ལས་ཤིག་གི་ཁེ་དབང་ལ་སྲུང་སྐྱོང་བྱ་རྒྱུ་ཙམ་མ་ཡིན་པར། དེ་བས་ཀྱང་ཀྲུང་གོའི་མི་དམངས་ཀྱི་འཚོ་བ་སྔར་བས་བདེ་སྐྱིད་ལྡན་པ་དང་རྒྱལ་ཁབ་དེང་རབས་ཅན་དུ་མངོན་འགྱུར་བྱེད་པའི་ཁེ་དབང་ལ་སྲུང་སྐྱོང་བྱེད་པ་དེ་རེད། ཀྲུང་གོའི་མི་དམངས་ཀྱིས་མེང་ཝན་ཀྲོའི་ཡི་དོན་རྐྱེན་འདི་བརྒྱུད་ནས་འཛམ་གླིང་དུ་ལོ་བརྒྱའི་རིང་བྱུང་མ་མྱོང་བའི་འཕོ་འགྱུར་ཆེན་པོའི་མདུན་དུ་ང་ཚོས་ངེས་པར་དུ་བློ་བརྟན་འགྱུར་མེད་ངང་རང་ཉིད་ཀྱི་ལམ་བུར་བསྐྱོད་དེ། ལན་བརྒྱར་ཕམ་རུང་དཔའ་མི་ཞུམ་པར་རང་ཉིད་ཀྱི་བྱ་བ་ལེགས་པར་བསྒྲུབ་དགོས་པ་དང་། ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་ཐུབ་པར་བྱས་ཏེ་རླབས་ཆེན་གྱི་མེས་རྒྱལ་འདི་ཉིད་སྔར་ལས་སྟོབས་དང་ལྡན་པ་ཞིག་ཏུ་འཛུགས་སྐྲུན་བྱ་དགོས་པ་དེ་བས་གསལ་པོར་ཤེས་ཐུབ།

           ད་ལྟ་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བ་དེ་ལྡོག་ཐབས་མེད་པའི་ལོ་རྒྱུས་ཀྱི་འཕེལ་རིམ་དུ་སླེབས་ཡོད། ང་ཚོས་མི་རིགས་བསྐྱར་དར་ཡོང་བར་ཇི་ཙམ་ཉེ་ན་དེ་ཙམ་གྱིས་བཀག་རྒྱ་ཆེ་ཞིང་ཉེན་ཁ་ཆེ་བ་གསལ་པོར་ཤེས། ཐོག་མཐའ་བར་གསུམ་དུ་ལོ་རྒྱུས་ཀྱི་ཡང་དག་པའི་ཕྱོགས་སུ་ལངས་པ་དང་། མིའི་རིགས་ཡར་རྒྱས་ཡོང་བའི་ཕྱོགས་སུ་ལངས་པ། དཀའ་ཉེན་ལ་མི་སྐྲག་པར་འགལ་རྐྱེན་སྣ་ཚོགས་ལ་གདོང་གཏོད་པ། དཀའ་ཉེན་ལ་མི་འཛེམས་པར་མདུན་དུ་བསྐྱོད་པ་བཅས་བྱས་ཚེ། ང་ཚོའི་རླབས་ཆེན་མེས་རྒྱལ་གྱི་གོ་གནས་ལ་གཡོ་འགུལ་གཏོང་ཐུབ་པའི་སྟོབས་ཤུགས་གང་ཡང་མེད་ལ། ཀྲུང་གོའི་མདུན་སྐྱོད་ཀྱི་གོམ་སྟབས་འགོག་ཐུབ་པའི་སྟོབས་ཤུགས་གང་ཡང་མེད་པར་ཡིད་ཆེས་བརྟན་པོ་ཡོད།
རྩོམ་སྒྲིག་པ། བདེ་སྒྲོལ།