ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > དཔྱད་གཏམ་དྲང་འཇལ།

དུས་རབས་གསར་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་རྒྱལ་ཁ་དང་གཟི་འོད་སྔར་ལས་རླབས་པོ་ཆེ་བརྩོན་ལེན་བྱེད་དགོས།

སྤེལ་དུས 2021-11-18 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།
          ཟླ་11པའི་ཚེས་8ཉིན་ནས་ཚེས་11ཉིན་བར། ཀྲུང་གོ་གུང་ཁྲན་ཏང་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་རྒྱལ་ཁའི་ངང་འཚོགས་པ་རེད། ཚང་འཛོམས་གྲོས་ཚོགས་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མངགས་བཅོལ་ལྟར་གནང་བའི་ལས་དོན་སྙན་སྒྲོན་གསན་པ་དང་གྲོས་བསྡུར་གནང་བ་དང་། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་འཚོགས་ཚུན་གྱི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ལས་དོན་ལ་ཁས་ལེན་གང་ལེགས་གནང་བ་མ་ཟད། 《ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཀྱི་ཉམས་མྱོང་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གྲོས་ཆོད》དང《ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པ་འཚོག་རྒྱུའི་སྐོར་གྱི་གྲོས་ཆོད》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད།
          ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བའི་ལོ་རྒྱུས་ཀྱི་དུས་སྐབས་གལ་ཆེན་དང་། ཏང་དང་མི་དམངས་ཀྱིས་ལོ་བརྒྱ་དང་པོའི་འབད་འཐབ་དམིགས་ཚད་རྒྱལ་ཁའི་ངང་མངོན་འགྱུར་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཕྱོགས་ཡོངས་ནས་བསྐྲུན་པའི་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ཕྱོགས་སུ་སྐྱོད་པའི་ལོ་རྒྱུས་ཀྱི་འགག་རྩའི་དུས་སུ། ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཀྱི་ཉམས་མྱོང་ཕྱོགས་ཡོངས་ནས་ཕྱོགས་སྡོམ་གནང་བ་དེས་ཏང་ཡོངས་སྔར་བས་བསམ་བློ་གཅིག་གྱུར་དང་། བློ་སྟོབས་གཅིག་གྱུར། བྱ་སྤྱོད་གཅིག་གྱུར་བཅས་ལ་སྐུལ་འདེད་གཏོང་བ་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁ་རླབས་པོ་ཆེ་གསར་པ་ལེན་པར། དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་དང་ལོ་རྒྱུས་ཀྱི་དོན་སྙིང་གཏིང་ཟབ་ལྡན་ཡོད། ཏང་ཀྲུང་དབྱང་གིས་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་འཚོགས་ནས་ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཀྱི་ཉམས་མྱོང་ཕྱོགས་ཡོངས་ནས་ཕྱོགས་སྡོམ་བྱ་རྒྱུའི་གཏན་འབེབས་གནང་བ་དེ་ནི། ལོ་རྒྱུས་རང་བཞིན་དང་འཐབ་ཇུས་རང་བཞིན་གྱི་ཐབས་ཇུས་གཟབ་ནན་ཞིག་ཡིན་པ་དེ་ཐོག་ནས། ཏང་གིས་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བ་དང་སྐྱེ་སྟོབས་ཀྱི་གསོན་ཤུགས་ནམ་ཡང་གནས་པར་བྱེད་པའི་སྲ་ཞིང་བརྟན་པའི་བློ་སྟོབས་དང་བློ་བརྟན་འགྱུར་མེད་ཀྱི་ཆོད་སེམས་དང་། ཏང་གིས་ལོ་རྒྱུས་འཕེལ་རྒྱས་ཀྱི་ཆོས་ཉིད་ཁོང་དུ་གཏིང་ཟབ་ཆུད་པ་བྱེད་པ་དང་ཐོག་མཐའ་བར་གསུམ་དུ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་ལོ་རྒྱུས་ཀྱི་རང་འགུལ་དང་འོས་འགན་འགན་འཁྲི་ཁོང་དུ་ཆུད་པ། ཏང་གིས་མིག་སྔར་གཞི་ཚུགས་པ་དང་། འབྱུང་འགྱུར་ལ་དམིགས་པ། ལོ་རྒྱུས་ཀྱི་ཉམས་མྱོང་ཕྱོགས་སྡོམ་དང་སྤྱོད་རྒྱུར་གཙིགས་ཆེན་བྱེད་པ་བཅས་ཀྱི་གཟིགས་རྒྱང་རིང་པོ་དང་བསམ་གཞིག་ཟབ་མོ་བཅས་གང་ལེགས་མཚོན་ཡོད། ཚང་འཛོམས་གྲོས་ཚོགས་ཐོག་གྲོས་འཆམ་བྱུང་བའི《ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཀྱི་ཉམས་མྱོང་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གྲོས་ཆོད》ནང་རྩོད་སྒྲུབ་དངོས་གཙོ་རིང་ལུགས་དང་ལོ་རྒྱུས་དངོས་གཙོ་རིང་ལུགས་ཀྱི་བརྟག་ཐབས་སྨྲ་བ་མཐའ་འཁྱོངས་དང་ཡང་དག་པའི་ཏང་གི་ལོ་རྒྱུས་ལྟ་བ་དང་ལོ་རྒྱུས་ཀྱི་ལྟ་བ་ཆེན་པོ་འཛུགས་རྒྱུ་མཐའ་འཁྱོངས་བྱས་ནས། ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཀྱི་ཉམས་མྱོང་ཕྱོགས་སྡོམ་བྱ་རྒྱུར་དམིགས་པ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་པའི་གཙོ་གནད་དེ་འབུར་དུ་ཐོན་པར་བྱས་པ་དང་འབྲེལ་དོན་རྐྱེན་གལ་ཆེན་དང་། ཚོགས་འདུ་གལ་ཆེན། མི་སྣ་གལ་ཆེན་བཅས་ལ་གདེང་འཇོག་བྱེད་པའི་ཐད་ཏང་ཀྲུང་དབྱང་གི་ད་ཡོད་བསྡོམས་ཚིག་དང་འབྲེལ་མཐུད་བྱ་རྒྱུར་གཙིགས་ཆེན་བྱེད་པ་དེ་ཐོག་ནས། ཏང་ཀྲུང་དབྱང་གིས་ཏང་གི་ལོ་བརྒྱའི་འབད་འཐབ་ལ་འཛིན་པའི་ངོས་འཛིན་གསར་པ་མངོན་ཡོད། འདི་ནི་འོད་སྟོང་འཕྲོ་བའི་མར་ཁེ་སི་རིང་ལུགས་ཀྱི་རྩ་འཛིན་རང་བཞིན་གྱི་ཚད་ལྡན་ཡིག་ཆ་ཞིག་དང་། དུས་རབས་གསར་པའི་ཀྲུང་གོ་གུང་ཁྲན་ཏང་མིས་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བའི་ཆབ་སྲིད་ཀྱི་བསྒྲགས་གཏམ་ཞིག ལོ་རྒྱུས་དཔྱད་གཞིར་འཛིན་པ་དང་། འབྱུང་འགྱུར་གསར་གཏོད། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པ་བཅས་ཀྱི་བྱ་སྤྱོད་ཀྱི་ཕྱོགས་སྟོན་ཞིག་བཅས་ཡིན། 《ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཀྱི་ཉམས་མྱོང་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གྲོས་ཆོད》ཀྱི་ཁྱད་ཆོས་མངོན་གསལ་དོད་ཤོས་ནི། དངོས་ཐོག་བདེན་འཚོལ་དང་ལོ་རྒྱུས་ལ་བརྩི་འཇོག་བྱས་ནས་ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་ཐོག་མའི་བསམ་འདུན་དང་འགན་འཁྲི་མཚོན་ཡོད་ལ། ཏང་གི་ལོ་རྒྱུས་ཀྱི་གྲོས་ཆོད་གོང་མ་གཉིས་དང་གཅིག་རྒྱུན་གཅིག་འཛིན་དང་དུས་བསྟུན་འཕེལ་རྒྱས་ཀྱང་བྱུང་ཡོད་པས། ཏང་ཡོངས་ཀྱིས་འབད་འཐབ་དམིགས་ཚད་གཏན་འཁེལ་དང་བློ་སྟོབས་ཆེར་སྐྱེད་ཀྱིས་འབྱུང་འགྱུར་ཕྱོགས་སུ་བསྐྱོད་རྒྱུར་སྐུལ་ལྕག་ཐེབས་ངེས་རེད།
          ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཀྱི་ཉམས་མྱོང་ཕྱོགས་སྡོམ་བྱེད་པ་དེ་ནི་ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བའི་ལོ་རྒྱུས་ཀྱི་ཆ་རྐྱེན་འོག་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་གཏོད་པ་དང་དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བའི་དགོས་མཁོ་ཞིག་དང་། ཆབ་སྲིད་ཀྱི་འདུ་ཤེས་དང་། སྤྱི་ཡོངས་ཀྱི་འདུ་ཤེས། སྲོག་ཤིང་གི་འདུ་ཤེས། མིག་བལྟོས་ཀྱི་འདུ་ཤེས་བཅས་ཟབ་ཏུ་གཏོང་བ་དང་། འགྲོ་ལམ་གྱི་གདེང་ཚོད་དང་། རིགས་པའི་གཞུང་ལུགས་ཀྱི་གདེང་ཚོད། ལམ་ལུགས་ཀྱི་གདེང་ཚོད། རིག་གནས་ཀྱི་གདེང་ཚོད་བཅས་བརྟན་དུ་གཏོང་བ། ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་ཡིན་པའི་བློ་མཐུན་ཞི་ཅིན་ཕིང་གི་གནས་བབ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་བཅས་བྱས་ནས་ཏང་ཡོངས་གོམ་སྟབས་གཅིག་གྱུར་ངང་མདུན་ཕྱོགས་སུ་སྐྱོད་པར་འགན་ལེན་བྱེད་པའི་དགོས་མཁོ་ཞིག ཏང་གི་རང་ངོས་གསར་བརྗེར་སྐུལ་འདེད་གཏོང་བ་དང་། ཏང་ཡོངས་ཀྱི་འཐབ་རྩོད་འཇོན་ཐང་དང་ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་གཅོག་པའི་ནུས་པ་ཆེ་རུ་གཏོང་བ། ཏང་གི་སྐྱེ་སྟོབས་དང་གསོན་ཤུགས་ནམ་ཡང་མི་ཉམས་པར་བྱེད་པ། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་མུ་མཐུད་འབད་འཐབ་བྱེད་པའི་དགོས་མཁོ་ཞིག་བཅས་རེད། ཏང་ཡོངས་ཀྱིས་དངོས་གཙོའི་ལོ་རྒྱུས་ལྟ་བ་དང་ཡང་དག་པའི་ཏང་གི་ལོ་རྒྱུས་ལྟ་བ་མཐའ་འཁྱོངས་བྱས་ཏེ། ཏང་གི་ལོ་བརྒྱའི་འབད་འཐབ་ཁྲོད་ནས་སྔོན་ཆད་ང་ཚོར་ལེགས་གྲུབ་བྱུང་དོན་ནི་ཅི་ཡིན་པ་དང་། མ་འོངས་པར་ང་ཚོས་ཇི་ལྟར་བྱས་ན་ད་གཟོད་མུ་མཐུད་ལེགས་གྲུབ་འབྱུང་ཐུབ་པ་གསལ་པོར་ཤེས་པར་བྱས་ནས། སྔར་བས་བློ་རྩ་བརྟན་པོ་དང་སྔར་བས་རང་རྟོགས་ཀྱི་སྒོ་ནས་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་ལེན་བསྟར་ནས་དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་སྔར་བས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་དགོས།
          ལོ་བརྒྱའི་རིང་། ཏང་གིས་ཐོག་མཐའ་བར་གསུམ་དུ་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་བསྟར་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་མིའི་རིགས་ཀྱི་འཕེལ་རྒྱས་ལོ་རྒྱུས་ཐོག་བརྗིད་ཉམས་ལྡན་པའི་ལེའུ་བརྩམས་པར་བརྟེན་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་སྔར་བྱུང་མྱོང་མེད་པའི་འོད་སྟོང་འཕྲོ་བའི་མདུན་ལམ་མངོན་ཡོད། 《ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཀྱི་ཉམས་མྱོང་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གྲོས་ཆོད》ནང་ཏང་གི་ལོ་བརྒྱའི་འབད་འཐབ་ཁྲོད་ཀྲུང་གོ་མི་དམངས་ཀྱི་མདུན་ལམ་དང་ལས་དབང་ལ་རྩ་བའི་ཐོག་ནས་འགྱུར་ལྡོག་བྱུང་བ་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པའི་འགྲོ་ལམ་ཡང་དག་བཏོད་པ། མར་ཁེ་སི་རིང་ལུགས་ཀྱི་སྐྱེ་སྟོབས་ཆེན་པོ་མངོན་པ། འཛམ་གླིང་གི་ལོ་རྒྱུས་འཕེལ་རིམ་ལ་ཤུགས་རྐྱེན་ཟབ་མོ་ཐེབས་པ། དུས་རབས་ཀྱི་མདུན་གྲལ་དུ་སྐྱོད་པའི་ཀྲུང་གོ་གུང་ཁྲན་ཏང་བསྐྲུན་པ་སོགས་ཕྱོགས་ལྔའི་ཐད་ནས་ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་ལོ་རྒྱུས་དོན་སྙིང་ཕྱོགས་སྡོམ་དང་སྙིང་བསྡུས་བྱས་པ་དང་། ཕྱོགས་ཡོངས་དང་། གཏིང་ཟབ། བརྒྱུད་རིམ་ལྡན་པ་བཅས་ཀྱི་སྒོ་ནས་ཏང་གིས་ཀྲུང་གོ་མི་དམངས་དང་། ཀྲུང་ཧྭ་མི་རིགས། མར་ཁེ་སི་རིང་ལུགས། མིའི་རིགས་ཀྱི་ཡར་ཐོན་བྱ་གཞག མར་ཁེ་སི་རིང་ལུགས་ཀྱི་སྲིད་ཏང་འཛུགས་སྐྱོང་བཅས་ལ་ཕུལ་བའི་ལོ་རྒྱུས་རང་བཞིན་གྱི་ལེགས་སྐྱེས་རྒྱས་བཤད་བྱས་ཡོད། ཀྲུང་ཧྭའི་ས་གཞི་ཆེ་མོར་གཞི་ཚུགས་པ་དང་མིའི་རིགས་ཀྱི་འབྱུང་འགྱུར་ལ་ཕྱོགས་ཏེ་ཀྲུང་གོ་གུང་ཁྲན་ཏང་དང་། ཀྲུང་གོ་མི་དམངས། ཀྲུང་ཧྭ་མི་རིགས་བཅས་ཀྱི་འབྲེལ་བ་མངོན་པར་མ་ཟད། ཀྲུང་གོ་གུང་ཁྲན་ཏང་དང་མར་ཁེ་སི་རིང་ལུགས་དང་། འཛམ་གླིང་གི་སྤྱི་ཚོགས་རིང་ལུགས། མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་བཅས་ཀྱི་འབྲེལ་བ་མངོན་ཡོད། ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་ལོ་རྒྱུས་ཀྱི་གཏན་ཚིགས་དང་། རིགས་པའི་གཞུང་ལུགས་ཀྱི་གཏན་ཚིགས། ལག་ལེན་གྱི་གཏན་ཚིགས་བཅས་ཁྱབ་ཡོད། ལོ་བརྒྱའི་རིང་། ཏང་གིས་མི་དམངས་ལ་འགོ་ཁྲིད་བྱས་ཏེ་འབད་འཐབ་རླབས་པོ་ཆེ་བྱས་ནས་ཡར་རྒྱས་ཁྲོད་ཚད་བརྒལ་ཡོང་བ་དང་། དཀའ་ཉེན་ཁྲོད་འབད་འཐབ་བྱས་པ། ཕྱོགས་སྡོམ་ཁྲོད་མཐོར་འདེགས་བཅས་བྱས་ཏེ་ལོ་རྒྱུས་ཀྱི་ཉམས་མྱོང་རྩ་ཆེན་བསགས་ཡོད། 《ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཀྱི་ཉམས་མྱོང་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གྲོས་ཆོད》ནང་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། མི་དམངས་གོང་དུ་བཀུར་རྒྱུ་མཐའ་འཁྱོངས། རིགས་པའི་གཞུང་ལུགས་གསར་གཏོད་མཐའ་འཁྱོངས། རང་ཚུགས་རང་བདག་མཐའ་འཁྱོངས། ཀྲུང་གོའི་འགྲོ་ལམ་མཐའ་འཁྱོངས། སྤྱི་ཡོངས་བློ་ལ་འཛིན་རྒྱུ་མཐའ་འཁྱོངས། གསར་འབྱེད་གསར་གཏོད་མཐའ་འཁྱོངས། འཐབ་རྩོད་བྱེད་ཕོད་པ་མཐའ་འཁྱོངས། འཐབ་ཕྱོགས་གཅིག་གྱུར་མཐའ་འཁྱོངས། རང་ངོས་གསར་བརྗེ་མཐའ་འཁྱོངས་བཅས་ཕྱོགས་བཅུའི་ཐད་ནས་ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་ལོ་རྒྱུས་ཉམས་མྱོང་ཕྱོགས་སྡོམ་དང་སྙིང་བསྡུས་བྱས་ནས་ལོ་རྒྱུས་དང་། ད་ཆ། འབྱུང་འགྱུར་བཅས་འབྲེལ་མཐུད་བྱས་པ་དེ་ནི་དུས་ཡུན་རིང་པོའི་ལག་ལེན་ཁྲོད་བསགས་པའི་ཉམས་མྱོང་རྩ་ཆེན་ཞིག་དང་ཏང་དང་མི་དམངས་ཀྱིས་ཐུན་མོང་དུ་བསྐྲུན་པའི་བསམ་པའི་རྒྱུ་ནོར་ཞིག་ཡིན་ཞིང་། དེར་རྩ་བའི་རང་བཞིན་དང་ཡུན་རིང་གི་མཛུབ་སྟོན་དོན་སྙིང་ལྡན་པར་བརྟེན་ངེས་པར་དུ་གཅེས་སྤྲས་ལྡབ་བརྒྱ་དང་ཡུན་རིང་མཐའ་འཁྱོངས་བྱེད་དགོས་པ་མ་ཟད། དུས་རབས་གསར་པའི་ལག་ལེན་ཁྲོད་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་དང་འཕེལ་རྒྱས་ཀྱང་གཏོང་དགོས།
          ད་ཆ་ཏང་གིས་ཀྲུང་གོ་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་སླར་ཡང་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པའི་རྒྱུགས་འབུལ་ལམ་བུ་གསར་པར་སྐྱོད་བཞིན་ཡོད། དུས་རབས་ནི་རྒྱུགས་འདོན་མཁན་དང་། ང་ཚོ་ནི་རྒྱུགས་སྤྲོད་མཁན། མི་དམངས་ནི་རྒྱུགས་བཅོས་མཁན་བཅས་ཡིན། ང་ཚོས་ངེས་པར་དུ་མུ་མཐུད་གྲུབ་འབྲས་ཡག་པོ་བཏོད་ནས་དུས་རབས་གསར་པའི་རྒྱང་སྐྱོད་ལམ་བུ་གསར་པའི་ཐོག་རྣམ་པ་གསར་པ་མངོན་པ་དང་བྱས་རྗེས་གསར་པ་འཇོག་དགོས། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་པ། ཏང་འཛུགས་ཀྱི་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་ཤུགས་ཆེན་གཏོང་བ། འདས་ཟིན་པའི་དཀའ་སྡུག་དང་འོད་སྟོང་མི་བརྗེད་པ་བྱེད་པ། ད་ཆའི་འོས་འགན་དང་འགན་འཁྲིར་ངོ་གནོང་མི་དགོས་པ། འབྱུང་འགྱུར་གྱི་ཕུགས་འདུན་རླབས་པོ་ཆེ་ཆུད་ཟོས་སུ་མི་གཏོང་བ། ལོ་རྒྱུས་དཔྱད་གཞིར་འཛིན་པ་དང་། འབྱུང་འགྱུར་གསར་གཏོད་བྱེད་པ། དཀའ་སྤྱད་དངོས་སྒྲུབ་དང་དཔའ་ངར་ཆེན་པོས་མདུན་སྐྱོད་བཅས་བྱས་ཏེ། ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་འཚོག་རྒྱུར་བསུ་བ་ཞུ་བ་དང་། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས། འདས་ཟིན་པའི་ལོ་བརྒྱའི་རིང་རྒྱལ་ཁ་དང་གཟི་འོད་རླབས་པོ་ཆེ་ཐོབ་པའི་ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་མི་དམངས་ལ་དུས་རབས་གསར་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་རྒྱལ་ཁ་དང་གཟི་འོད་སྔར་ལས་རླབས་པོ་ཆེ་འཐོབ་ངེས་ཡིན་པ་ང་ཚོར་ཡིད་ཆེས་བརྟན་པོ་ཡོད།
རྩོམ་སྒྲིག་པ། བདེ་སྒྲོན།