ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > དཔྱད་གཏམ་དྲང་འཇལ།

ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐུས་མི་འདི་ལྟར་འདེམས་དགོས།

སྤེལ་དུས 2022-02-21 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།
           ཟླ་2ཚེས་18ཉིན་གྱི་བོད་ཡིག་གི་མི་དམངས་ཉིན་རེའི་ཚགས་པར་ཐོག་མི་དམངས་ཉིན་རེའི་ཚགས་པར་ཁང་གི་དཔྱད་གཏམ་པས 《ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐུས་མི་འདེམས་བསྐོ་བྱེད་རིང་སྔར་ལས་ལྷག་པའི་སྒོ་ནས་ཏང་ནང་ཁུལ་གྱི་དམངས་གཙོའི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་གཏོང་དགོས》ཞེས་པའི་དཔྱད་གཏམ་སྤེལ་འདུག
           དཔྱད་གཏམ་ནང་བསྟན་དོན། མིག་སྔར་ཏང་ཡོངས་ཀྱིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐུས་མི་འདེམས་བསྐོའི་ལས་དོན་སྤེལ་བཞིན་ཡོད། དེས་ན་རིམ་ཁག་ཏང་རྩ་འཛུགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཏང་གི་སྒྲིག་ཡིག་དང་ཏང་ཀྲུང་དབྱང་གི་བླང་བྱ་ལྟར་ལས་དོན་ནན་ཏན་ངང་སྒྲུབ་པ། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་དང་དེར་ཤུགས་སྣོན་རྒྱག་པ། ཏང་ནང་ཁུལ་གྱི་དམངས་གཙོ་དར་སྤེལ་གང་ལེགས་གཏོང་བ། དམངས་གཙོའི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་གཏོང་རྒྱུར་སྣང་ཆེན་བཅས་བྱས་ནས། ཏང་ཀྲུང་དབྱང་གི་བླང་བྱ་དང་འཚམ་ལ་རྒྱ་ཆེའི་ཏང་ཡོན་གྱི་བརྩི་བཀུར་ཡང་ཐོབ་པའི་ཚོགས་ཆེན་ཉི་ཤུ་པའི་འཐུས་མི་འདེམས་ཐུབ་པའི་འགན་ལེན་བྱེད་དགོས།
           དཔྱད་གཏམ་ནང་ནན་བཤད་བྱས་དོན། ཏང་གི་འགོ་ཁྲིད་དང་དམངས་གཙོ་དར་སྤེལ་གཏོང་བ་ནི་གཅིག་གྱུར་ཡིན་པ་ལས་ཁ་གཏད་མིན་པས་དེ་གཉིས་ནས་ཕྱོགས་གཅིག་ལས་མི་འཛིན་པ་བྱེད་མི་རུང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐུས་མི་འདེམས་བསྐོའི་ལས་དོན་ནི་རྒྱ་ཆེའི་ཏང་ཡོན་གྱིས་དམངས་གཙོ་གཅིག་སྡུད་ལམ་ལུགས་ཀྱི་རྩ་དོན་ལྟར། དམངས་གཙོའི་དབང་ཆ་ལག་བསྟར་ཡང་དག་བྱེད་པ་དང་། ཏང་ནང་གི་ཆབ་སྲིད་འཚོ་བའི་ནང་ཞུགས་པའི་ཐབས་ལམ་དང་རྣམ་པ་གལ་ཆེན་ཞིག་རེད། དེས་ན་ཏང་ཡོན་གྱི་བྱེད་པོའི་གནས་བབ་ལ་བརྩི་འཇོག་བྱེད་པ་དང་། དགེ་མཚན་ལྡན་པའི་ཆ་རྐྱེན་ཧུར་ཐག་བསྐྲུན་པ། ཏང་ཡོན་གྱི་གནས་ཚུལ་ཤེས་དབང་དང་། ཐེ་ཞུགས་བྱེད་དབང་། གདམ་ག་བྱེད་དབང་། ལྟ་སྐུལ་བྱེད་དབང་བཅས་འགན་སྲུང་བྱེད་པ། ཏང་ཡོན་ལ་གོ་རིམ་དང་ཕན་ནུས་ལྡན་པའི་སྒོ་ནས་ཞུགས་རྒྱུའི་ཁྲིད་སྟོན་བཅས་བྱས་ནས་ཏང་ཡོན་ཚང་མར་རང་ཉིད་ཀྱི་འདོད་བློ་ཤོད་དུ་འཇུག་དགོས། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་དང་། སློབ་སྦྱོང་དང་དྲིལ་བསྒྲགས། ཏང་གཤིས་དང་། ཏང་སྲོལ། ཏང་གི་སྒྲིག་ཁྲིམས། ཏང་གི་ལོ་རྒྱུས་བཅས་ཀྱི་སློབ་གསོ་བརྒྱུད། རིམ་པ་ཁག་གི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པར། ཏང་གི་སྒྲིག་ཡིག་ལ་བརྩི་བཀུར་དང་ཏང་གི་སྒྲིག་ཡིག་ལ་བརྩི་སྲུང་ཞུ་བར་ཁྲིད་སྟོན་དང་། ཆབ་སྲིད་ཀྱི་ཞུན་བརྡར་དང་ཏང་གཤིས་ཀྱི་སྦྱོང་བརྡར་ཐེབས་པ་བྱས་ནས། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ནན་པོ་བསྲུངས་ཏེ། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ངོས་འཛིན་ཟབ་མོ་ཐུབ་པར་བྱ་རྒྱུ་དང་། རང་རྟོགས་ངང“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཐོག་མཐའ་བར་གསུམ་དུ་ཚད་མཐོའི་གཅིག་གྱུར་ཡོང་བ་བྱེད་དགོས།
           དཔྱད་གཏམ་ནང་བསྟན་དོན། འཐུས་མི་འདེམས་བསྐོའི་གོ་རིམ་ནན་དུ་གཏོང་དགོས། ཚོགས་ཆེན་ཉི་ཤུ་པའི་འཐུས་མི་འདེམས་པར། འོག་ནས་གོང་བར་དང་། གོང་འོག་ཟུང་འབྲེལ། ནང་མོལ་ཡང་ཡང་། རིམ་པ་ལྟར་གདམ་གསེས་བཅས་ཀྱི་བྱེད་ཐབས་སྤྱོད་པ་དང་། དེ་བཞིན་འོས་སྦྱོར་མིང་འདོན་དང་། རྩ་འཛུགས་ཀྱི་རྟོག་ཞིབ། འཐུས་མིའི་འོས་མིའི་ཐོག་མའི་འོས་མི་གཏན་འཁེལ། འཐུས་མིའི་འོས་མིའི་གྲ་སྒྲིག་འོས་མི་གཏན་འཁེལ། ཚོགས་འདུའི་འདེམས་བསྐོ་བཅས་ལྷུ་ཚིགས་ལྔ་ལ་ཕྱེ་ཡོད། ལྷུ་ཚིགས་ཁག་གི་ལས་དོན་ངེས་པར་དུ་གཟབ་ནན་ཞིབ་ཚགས་དང་བཀོལ་སྤྱོད་ཚད་ལྡན་བྱེད་དགོས་པ་ལས། བབ་བསྟུན་གྱིས་སྟབས་བདེ་རུ་གཏོང་མི་རུང་ལ་རྣམ་པ་འགྱུར་བ་དེ་བས་ཀྱང་བྱེད་མི་རུང་།
           དཔྱད་གཏམ་ནང་བསྟན་དོན། རིམ་པ་བཞིན་གདམ་གསེས་ལེགས་འདེམས་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས། ཞིབ་པར་བརྗོད་ན་གཞི་རིམ་ཏང་རྩ་འཛུགས་ནས་འགོ་བཙུགས་ཏེ་འོས་སྦྱོར་ཚན་པའི་ཏང་རྩ་འཛུགས་བར་དང་། དེ་ནས་འདེམས་བསྐོའི་ཚན་པའི་ཏང་རྩ་འཛུགས་བར་རིམ་པ་བཞིན་འཐུས་མིའི་འོས་མི་དཔྱད་བསྡུར་གདམ་གསེས་དང་ལེགས་ཐོག་ལེགས་འདེམས་བྱེད་དགོས་ཀྱི་ཡོད། དེ་ནི་ཏང་ནང་ཁུལ་གྱི་དམངས་གཙོ་དར་སྤེལ་གང་ལེགས་གཏོང་བའི་བརྒྱུད་རིམ་རེད་ལ། ཡང་དག་པའི་སྒོ་ནས་གཅིག་སྡུད་དང་ཏང་རྩ་འཛུགས་ཀྱིས་འགག་སྒོ་སྲུང་ཤུགས་ཆེ་རུ་གཏོང་བའི་བརྒྱུད་རིམ་ཡང་རེད། འཐུས་མིའི་འོས་མིའི་ཐོག་མའི་འོས་མི་གཏན་འཁེལ་བྱེད་པར། འདེམས་བསྐོ་ཚན་པའི་ཏང་རྩ་འཛུགས་ཀྱིས་རྟོག་ཞིབ་བྱས་ཚུལ་དང་འཐུས་མིའི་གྲུབ་ཆའི་བླང་བྱ་སོགས་ལ་གཞིགས་ནས་ཐུན་མོང་ཐོག་ཞིབ་འཇུག་བྱས་ཏེ་འོས་མིའི་མིང་ཐོ་འདོན་དགོས། འཐུས་མིའི་འོས་མིའི་གྲ་སྒྲིག་འོས་མི་གཏན་འཁེལ་བྱེད་པར། ནང་མོལ་བྱེད་པའི་རྨང་གཞིའི་ཐོག་འདེམས་ཤོག་འཕེན་པའི་བྱེད་ཐབས་ཐོག་ནས་གཏན་འཁེལ་བྱེད་དགོས་པ་ལས། ཆོག་མཆན་འགོད་པར་སྐྱེལ་བ་དང་། གཟིགས་མཆན་འགོད་པ། ཁ་པར་ཐོག་ནས་བསམ་འཆར་བསྡུ་ལེན་བྱེད་པ་སོགས་ཀྱི་རྣམ་པས་ཚོགས་འདུའི་ཐོག་ཞིབ་འཇུག་གཏན་འབེབས་བྱེད་པའི་ཚབ་བྱེད་མི་རུང་།
           དཔྱད་གཏམ་ནང་ནན་བཤད་བྱས་དོན། ཚོགས་འདུའི་འདེམས་བསྐོ་སྒྲིག་འཛུགས་ཚགས་ཚུད་བྱེད་དགོས། དེ་ནི་འཐུས་མི་འདེམས་བསྐོའི་ལས་དོན་ཡག་པོ་སྒྲུབ་པའི་འགག་རྩའི་ལྷུ་ཚིགས་རེད། དེས་ན་འདེམས་བསྐོའི་ཚན་པ་ཁག་གིས་ངེས་པར་དུ་ཏང་གི་སྒྲིག་ཡིག་སོགས་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་དང་། གཏན་འབེབས། ཏང་ཀྲུང་དབྱང་གི་བླང་བྱ་བཅས་གཞིར་བཟུང་། ལས་ཀའི་གོ་རིམ་ནན་དུ་གཏོང་བ་དང་སྒྲིག་འཛུགས་ལག་བསྟར་ཞིབ་ཚགས་བྱེད་དགོས་པ་དང་། ཏང་གི་འཐུས་མི་ཚོགས་ཆེན་ནམ་ཡང་ན་ཏང་གི་འཐུས་མིའི་ཚོགས་འདུ་ཡག་པོ་འཚོགས་ནས་ཏང་གི་འཐུས་མིའི་ཚོགས་འདུར་ཞུགས་མཁན་འཐུས་མི་གཏན་འཁེལ་ཡག་པོ་བྱེད་དགོས། འདེམས་བསྐོ་བྱེད་སྟངས་འཐུས་སྒོ་ཚང་དུ་བཏང་ནས་གྲངས་ཁྱད་འདེམས་བསྐོ་བྱེད་པ་དང་གྲངས་ཁྱད་ཀྱི་བསྡུར་ཚད་དེ་15%ལས་མང་བ་དགོས། ཏང་ནང་ཁུལ་གྱི་དམངས་གཙོའི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་གཏོང་བ་བརྒྱུད། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་སྐུལ་སློང་གིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བ། འགག་སྒྲོལ་དཀའ་སེལ་དང་གསར་འབྱེད་ཡར་བརྩོན་གྱིས་མིག་སྔའི་ལས་དོན་ཁག་ཏན་ཏིག་ངང་ཡག་པོ་སྒྲུབ་པ་བཅས་བྱས་ཏེ། ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས།
རྩོམ་སྒྲིག་པ། བདེ་སྒྲོན།