ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > དཔྱད་གཏམ་དྲང་འཇལ།

རྒྱལ་ཁབ་སྟོབས་དང་ལྡན་ཞིང་མཐའ་མཚམས་བརྟན་ལྷིང་བྱུང་ཚེ་བདེ་ཞིང་སྐྱིད།

བོད་རང་ལྗོངས་ཀྱིས་མཐའ་བརྟན་མཐའ་དར་དང་དམངས་ཕྱུག་ལས་དོན་ལ་སྐུལ་འདེད་བཏང་བའི་སྐོར་གྱི་སྒྲིལ་གླེང་།

སྤེལ་དུས 2022-03-07 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
  མཐའ་སྟོབས་ནི་རྒྱལ་སྲུང་བརྟན་དུ་གཏོང་བའི་སྲ་ཞིང་བརྟན་པའི་ཀ་བཀྱག་ལྟ་བུ་རེད། བོད་ལྗོངས་ཀྱི་མཐའ་མཚམས་ལམ་ཐིག་ལ་རིང་ཚད་སྤྱི་ལེ་4000ལྷག་ཙམ་ཟིན་པ་དང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་བོད་ལྗོངས་ཀྱི་མཐའ་མཚམས་ཀྱི་འཐབ་ས་དང་པོའི་རྒྱ་ཆེའི་ལས་བྱེད་མང་ཚོགས་དང་རྒྱ་ཆེའི་མཐའ་སྲུང་དཔོན་དམག་གིས་རང་འགུལ་ངང་བྱས་རྗེས་འཇོག་ཕོད་པ་དང་འགན་འཁྲི་འཁུར་ཕོད་པར་བྱས་ཤིང་། དཀའ་སྤྱད་སྙིང་རུས་དང་སྒེར་སེམས་མེད་པར་ལེགས་སྐྱེས་ཕུལ་ཏེ་མཐའ་མཚམས་ས་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ཡོད།
  བྱམས་བརྩེའི་ཐུགས་ཁུར་ལས་གྲོང་གསེབ་ཀྱི་རྣམ་པར་འགྱུར་ལྡོག་ཆེན་པོ་བྱུང་བ།
  ཡུལ་སྨད་དུ་སྐྱོད་སྐབས་དབྱར་མཚོ་རྒྱས་པ་ལྟར་གྱི་རྣམ་པ་ཞིག་ངང་གིས་མངོན།
  རྣམ་པ་གསར་རྐྱང་གི་གྲོང་མིའི་སྡོད་ཁང་གིས་ཐོག་དཔངས་དམའ་བའི་སྡོད་ཁང་གོག་ཧྲུལ་གྱི་ཚབ་བྱས་པ་དང་། ས་ཁོད་སྙོམས་པའི་ལམ་ངོས་ཀྱིས་སྔོན་ཆད་ཀྱི་འདམ་རྫབ་ལམ་གྱི་ཚབ་བྱས་པ། དེ་བཞིན“ནད་གཞི་ཆུང་གྲས་ཤང་དུ་སྨན་བཅོས་ཐུབ་པ”བཅས་ཀྱི་དམིགས་ཚད་གཞི་རྩའི་ཆར་མངོན་འགྱུར་ཐུབ་པ་ལས་བདེ་སྐྱིད་ལྡན་པའི་འཚོ་བར་འགན་ལེན་གསར་པ་ཞིག་བསྣན། འཛུགས་སྐྲུན་ལོ་ཁ་ཤས་བྱས་པ་བརྒྱུད་དེ་སྔའི“མི་གསུམ་ཤང”ད་ལྟ་དུད་ཚང་67དང་མི་གྲངས་200ལྷག་ཙམ་ཡོད་པ་དང་། ཁོངས་གཏོགས་སུ་སྲིད་འཛིན་གྲོང་ཚོ་གཉིས་ཡོད་པ། མི་རེའི་ཆ་སྙོམས་ལོའི་ཡོང་འབབ་སྒོར་ཁྲི་4ལྷག་ཙམ་ཟིན་པ་བཅས་ཀྱི་འབྱོར་འབྲིང་ཤང་ཞིག་ཏུ་གྱུར་ཡོད།
  མི་རིང་བའི་རི་འདབས་སུ“ཁྱིམ་ནི་ཡུལ་སྨད། རྒྱལ་ཁབ་ནི་ཀྲུང་གོ་ཡིན”ཞེས་པའི་ཡིག་འབྲུ་ཆེན་པོ་ཁ་ཤས་མངོན་གསལ་ཤིན་ཏུ་དོད།
  ཡུལ་སྨད་ནི་བོད་ལྗོངས་ཀྱི་མཐའ་བརྟན་མཐའ་དར་དང་དམངས་ཕྱུག་ལས་དོན་ལ་གྲུབ་འབྲས་ཐོབ་པའི་མཚོན་བྱེད་ཙམ་ཞིག་རེད། འགྱུར་ལྡོག་འདི་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་བྱམས་སྐྱོང་གནང་བའི་འབྲས་བུ་རེད།
  ཏང་ཀྲུང་དབྱང་གི་ཐུགས་ཁུར་འོག བོད་ལྗོངས་ཀྱི་མཐའ་མཚམས་ས་ཁུལ་དུ་གཏོང་ཆ་གཏོང་ཤུགས་ལོ་རེ་བཞིན་མང་དུ་ཕྱིན་པ་དང་། མཐའ་མཚམས་ཀྱི་ཆུ་དང་། གློག ལམ་སོགས་རྨང་གཞིའི་སྒྲིག་བཀོད་ཉིན་བཞིན་འཐུས་སྒོ་ཚང་དུ་སོང་ཡོད།
  སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་བོད་ལྗོངས་ཀྱི་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་624ཚང་མ་བསྐྲུན་ཟིན་པ་དང་། ཕད་གྲོང་རྡལ་ནས་མེ་ཏོག་དབར་གྱི་གཞུང་ལམ་ལམ་ཐིག་ཧྲིལ་པོ་ཤར་གཏོང་ཐུབ་པ། ཉིང་ལག་ལམ་ཐིག་གི་གནམ་ཐང་3གྱི་འཛུགས་སྐྲུན་མགྱོགས་སུ་བཏང་བ། མཐའ་མཚམས་རྫོང་གྲོང་ཚང་མར་ཚད་ལྡན་ཅན་གྱི་ཆུ་མཁོ་འདོན་བཟོ་གྲྭ་དང་འཚོ་བའི་གད་སྙིགས་གཡུག་ས་བསྐྲུན་པ། མཐའ་མཚམས་རྫོང་21ལ་གནས་གཏན་འཁེལ་གྱི་རོགས་སྐྱོར་བྱེད་འགོ་ཚུགས་ནས་མཐའ་མཚམས་འཕེལ་རྒྱས་དང་བརྟན་ལྷིང་དུས་མཚམས་གསར་པར་སླེབས་ཡོད།
  ཐོན་ལས་འཕེལ་རྒྱས་ལས་ནང་སྐྱེས་ཀྱི་སྒུལ་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ།
  རྫ་ཡུལ་རོང་སྨད་གྲོང་རྡལ་ས་མ་གྲོང་ཚོ་ཉིང་ཁྲི་གྲོང་ཁྱེར་རྫ་ཡུལ་རྫོང་དུ་གནས་ཤིང་། ས་ཁམས་ཆགས་ཡུལ་ཐག་རིང་ལུང་ཁུག་དང་འབབ་འཕར་གྱི་ཐབས་ལམ་དཀོན་པ་སོགས་ལས། སྐབས་ཤིག་རིང་དེ་གའི་མང་ཚོགས་ཀྱིས་བདེ་སྐྱིད་འཚོ་བ་དོན་གཉེར་བྱེད་པའི་གོམ་སྟབས་ལ་འགོག་རྐྱེན་ཕྲད་ཡོད།
  ཉེ་བའི་ལོ་ཤས་རིང་། མཐའ་བརྟན་མཐའ་དར་དང་དམངས་ཕྱུག་སྲིད་ཇུས་ཀྱི་རོགས་སྐྱོར་རབ་དང་རིམ་པའི་འོག་ས་མ་གྲོང་ཚོའི་མང་ཚོགས་ཀྱིས་དཀའ་ངལ་ཁྱད་དུ་བསད་དེ་ཡུལ་བབ་དང་བསྟུན་ནས་སེ་འབྲུ་འདེབས་པ་སོགས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཏང་བས་འབབ་འཕར་གྱི་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད།
  མཐའ་མཚམས་ས་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འགག་རྩ་ནི་མཐའ་མཚམས་འཕེལ་རྒྱས་ཀྱི་ནང་སྐྱེས་སྒུལ་ཤུགས་ཆེ་རུ་གཏོང་བར་ཐུག་ཡོད། བོད་ལྗོངས་ཀྱིས་མཐའ་མཚམས་ཀྱི་ཁྱད་ལྡན་ལེགས་ལྡན་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ནས། དཔལ་འབྱོར་དང་སྤྱི་ཚོགས་དང་མཐའ་སྲུང་འཛུགས་སྐྲུན་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང་མི་དམངས་ཀྱི་འཚོ་བ་ཡག་ཏུ་གཏོང་བ་དང་མཐའ་སྲུང་གི་དངོས་ཡོད་སྟོབས་ཤུགས་ཆེ་རུ་གཏོང་ཐུབ་པར་བྱས་ཡོད།
  ད་ཆ་སྤུ་ཧྲེང་གི་རྩམ་པ་དང་། རྫ་ཡུལ་གྱི་སྤྲེལ་ཁམ། སྒར་གྱི་སྔོ་ཚལ། གྲོ་མོའི་ཉ་སོགས“ས་ཁོངས་ཀྱི་ཁྱད་ལྡན”ཞིང་ཞོར་ཐོན་རྫས་དེ་བས་མང་བ་ཁྲོམ་རར་བཏོན་པས། ས་གནས་དེ་གའི་མང་ཚོགས་ལ་འབབ་འཕར་ཕྱུག་འགྱུར་གྱི་སྒོ་མོ་འབྱེད་པའི“གསེར་གྱི་ལྡེ་མིག”ལྟ་བུར་གྱུར་ཡོད།
  མཐའ་མཚམས་མང་ཚོགས་ཀྱི་འཚོ་བར་འགྱུར་ལྡོག་ཆེན་པོ་བྱུང་བ་དང་ཆབས་ཅིག བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་ཞིག་ཏུ་བརྩོན་ལེན་བྱེད་པའི་ཡིད་ཆེས་དང་ཆོད་སེམས་དེ་བས་བརྟན་དུ་ཕྱིན་ཡོད།
  ཉ་ཆུ་ལྟར་གྱི་བརྩེ་སེམས་ཟབ་མོ་ལས“མཉམ་དུ་ལྔ་དང་བརྟན་གཏོང་ལྔའི”མེ་ཏོག་རྣམ་པར་བཞད་པ།
  གཙང་སྦྲ་འཕྲོད་བསྟེན་དང་། འོས་འགན་སྨན་བཅོས་དང་སྨན་སྐྱེལ་བ། ཐུན་མོང་ཐོག་འབྱུང་འགྱུར་གླེང་བ་ལ་སོགས། འདི་ལོའི་ཟླ་2པར་དྲག་ཆས་ཉེན་རྟོག་མངའ་རིས་ཉིང་ལག་རུ་ཁག་དང་མངའ་རིས་ས་ཁུལ་ཁམས་བདེ་ཁུལ་གསར་གྲོང་ལྷན་གྱིས“མཉམ་དུ་ལྔ་དང་བརྟན་གཏོང་ལྔའི”གཞི་རིམ་གྱི་ཏང་རྩ་འཛུགས་འཛུགས་སྐྱོང་གི་བྱེད་སྒོ་སྤེལ་ནས་དམག་དམངས་ཀྱི་ཉ་ཆུ་ལྟ་བུའི་བརྩེ་སེམས་ཟབ་ཏུ་བཏང་ཡོད།
  གྲོང་ལྷན་གྱི་འགན་འཁུར་བས་ད་ཐེངས་ཀྱི་བྱེད་སྒོ་ལས་དམག་དམངས་མཉམ་སྒུལ་གྱི་ཕན་ནུས་འདོན་སྤེལ་གང་ལེགས་བྱས་པ་དང་། ནང་དོན་ཕུན་སུམ་ཚོགས་པའི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་བརྒྱུད་ཁམས་བདེ་ཁུལ་གསར་གྱི་ཏང་འཛུགས་སྐྱོང་གི་སྤུས་རྟགས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་ཕྱིན་པ་དང་། “ཉ་ཆུ”ལྟ་བུའི་བརྩེ་སེམས་སྔར་བས་ཟབ་ཏུ་ཕྱིན་ཡོད་ཅེས་བཤད།
  ཉེ་བའི་ལོ་ཤས་རིང་། བོད་ལྗོངས་ཀྱི་ས་གནས་ཁག་གིས་དམག་དམངས་སེམས་པ་གཅིག་མཐུན་དང་ལག་གདང་སྦྲེལ་ནས་གྲོང་གསེབ་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་གཞོལ་ནས“མཉམ་དུ་ལྔ་དང་བརྟན་གཏོང་ལྔའི”དམག་དཔུང་དང་ས་གནས་ཀྱི་གཞི་རིམ་རྩ་འཛུགས་ཆ་སྒྲིག་མཉམ་སྐྲུན་བྱེད་སྒོའི་ཕན་འབྲས་རྒྱུན་མཐུད་སྲ་བརྟན་དང་རྒྱ་ཆེར་བཏང་བས། ཏང་དར་མེས་རྒྱལ་གྱི་མཐའ་མཚམས་སུ་ལྷབ་ལྷུབ་ཏུ་གཡོ་བ་དང་མི་དམངས་ཀྱི་འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་སོང་ཡོད།
  “དཔྱིད་འདེབས་དང་སྟོན་བསྡུའི་དུས་ཚིགས་ཤར་རིམ་བཞིན་བཅའ་སྡོད་དཔུང་སྡེས་ཁོམ་པ་བཙལ་ནས་གྲོང་ཚོའི་མི་ཧྲེང་རྒན་རྒོན་དང་། ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་། དཀའ་ངལ་ཡོད་པའི་ཁྱིམ་ཚང་བཅས་ལ་ས་ཞིང་འདེབས་རོག་དང་ལོ་ཏོག་བསྡུ་རོགས་བྱེད་ཀྱི་ཡོད”ཅེས་གཞིས་རྩེ་གྲོང་ཁྱེར་གམ་པ་རྫོང་གྲང་རླུང་ཤང་ཤུར་རང་གྲོང་ཚོའི་གྲོང་ལྷན་གྱི་ཀྲུའུ་རེན་མིག་དམར་གྱིས་བཤད།
  བཅའ་སྡོད་དཔུང་སྡེའི་རོགས་རམ་འོག ཤུར་རང་གྲོང་ཚོའི་གསོ་ཚགས་མཉམ་ལས་ཁང་གི་ན་ནིང་གི་ལོའི་ཡོང་འབབ་སྒོར་ཁྲི་65ཟིན་པ་དང་བགོ་འགྲེམས་སྒོར་ཁྲི་40བརྒྱབ་པས། གྲོང་མིའི་ལོའི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་1.8བར་མང་དུ་ཕྱིན་ནས་ས་གནས་དེ་གའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་བསྣན་ཡོད།
  དུས་རབས་གསར་པར་འགན་འཁྲི་གསར་པ་འཁུར་བ་དང་དུས་རབས་གསར་པར་བྱས་རྗེས་གསར་པ་འཇོག་དགོས། བོད་ལྗོངས་ཀྱི་མི་རིགས་ཁག་གི་བུ་ཕྲུག་གིས་ཐོག་མཐའ་བར་གསུམ་དུ“རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་ལྗོངས་བརྟན་ལྷིང་ཡོང་བར་བྱེད་དགོས་པའི”མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་བཅངས་ནས། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཡང་དག་འགོ་ཁྲིད་འོག སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་རྒྱལ་ཁབ་ཀྱི་མཐའ་བརྟན་མཐའ་དར་དང་དམངས་ཕྱུག་བྱ་སྤྱོད་ཀྱི་དཔེ་སྟོན་ཁུལ་ཧུར་ཐག་བཏོད་དེ། མཐའ་བརྟན་མཐའ་དར་དང་དམངས་ཕྱུག་བྱ་སྤྱོད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་ཧུར་ཐག་སླེབས་པ་བྱས་ནས། མེས་རྒྱལ་མཐའ་མཚམས་ཀྱི་རི་ཆུ་དང་རྩྭ་རྩི་ཤིང་ཚང་མ་སྲུང་སྐྱོང་ཡག་པོ་བྱས་ཡོད།