ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > དཔྱད་གཏམ་དྲང་འཇལ།

ཐོག་མའི་བསམ་འདུན་བཅངས་པས་མདུན་ལམ་ཡངས། རྩ་བ་བརྟན་དུ་བཏང་བས་མཁར་རྫོང་བརྟན།

ཆབ་མདོ་གྲོང་ཁྱེར་གྱི་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་སྐོར་གྱི་སྒྲིལ་གླེང་།

སྤེལ་དུས 2022-03-09 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
  ཉེ་བའི་ལོ་ཤས་རིང་། ཆབ་མདོ་གྲོང་ཁྱེར་གྱིས་ཐོག་མཐའ་བར་གསུམ་དུ་ཏང་གི་དར་ཆ་གཞི་རིམ་གྱི་འཐབ་ཕྱོགས་དང་པོར་འཛུགས་རྒྱུ་མཐའ་འཁྱོངས་ཀྱིས་སྒྱུར་བཅོས་གསར་གཏོད་ཀྱི་སྙིང་སྟོབས་ལ་བརྟེན་ནས་གཞི་རིམ་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་སྤྱི་ཚོགས་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་པའི་ཐབས་ལམ་གསར་པ་འཚོལ་ཞིབ་ཧུར་ཐག་དང་། མངོན་གསལ་དོད་པོས་གཞུང་དྲང་གསར་གཏོད། “ཤུགས་སྣོན་ཆད་མེད་དང་སྙིང་རུས་གཏན་འཁྱོངས”མཐའ་འཁྱོངས། གཞི་རིམ་གྱི་སྒྲིག་འཛུགས་ཀྱི་ནུས་པ་དང་དམག་འཐབ་ཀྱི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་བཅས་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྲ་ཞིང་བརྟན་པའི་རྩ་འཛུགས་ཀྱི་འགན་ལེན་བྱས་ཡོད།
  བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་ནས་ཕུགས་བསམ་དང་དད་སེམས་བརྟན་དུ་བཏང་བ།
  མི་རིང་བའི་གོང་། ཆབ་མདོ་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་རྣམ་པ་གསར་རྐྱང་གི་ཐོག་ནས“ཤོག་དྲས་སྦྱོང་བ་དང་ཏང་གི་ལོ་རྒྱུས་འབྲི་བའི”བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་ཞིང་། བྱེད་སྒོ་སྤེལ་རིང་། བཀོད་འཐབ་པ་དང་ཁོང་ཚོའི་ནང་མིས་ཏང་ཡོན་རྒན་གྲས་ཀྱི་མཛུབ་ཁྲིད་འོག་བརྩེ་སེམས་ཟབ་མོས་ཤོག་བུ་དྲས་ཤིང་། ཤོག་བུ་དྲས་པ་དང་དུས་མཚུངས་སུ་ཏང་ཡོན་རྒན་གྲས་ཚོས་ཤོག་དྲས་བརྩམས་ཆོས་ཁྲོད་འདུས་པའི་གསར་བརྗེའི་གཏམ་རྒྱུད་དང་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ཚུན་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་ཆེན་པོ་བྱེད་པའི་གྲུབ་འབྲས་ཐོབ་ཚུལ་ཞིབ་པར་བཤད་དེ། ཚང་མར་ཏང་གི་འཕེལ་རྒྱས་ལོ་རྒྱུས་བསྐྱར་དྲན་བྱེད་རྒྱུའི་ཁྲིད་སྟོན་ཡང་བྱས་པ་རེད།
  “ཤོག་དྲས་འདྲ་གཟུཌ་སྦྱོང་བ་དང་ཏང་གི་ལོ་རྒྱུས་འབྲི་བའི”བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་ནི་ཆབ་མདོ་གྲོང་ཁྱེར་གྱིས་ཏང་ཡོན་ལས་བྱེད་པའི་ཏང་གཤིས་གསོ་སྦྱོང་བྱ་ཆེད་སྤེལ་བའི་བྱེད་སྒོ་མང་པོའི་གྲས་ཤིག་རེད། ཆབ་མདོ་གྲོང་ཁྱེར་གྱིས་རྒྱུན་འཁྱོངས་ལྷོད་མེད་ཀྱི་སྒོ་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཏང་ཡོན་ལས་བྱེད་པའི་བསམ་བློར་དྲག་ཆས་སྤྲོས་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་ཀྱིས། ཏང་གི་ཆབ་སྲིད་འཛུགས་སྐྱོང་དེ་ལས་འགན་ཨང་དང་པོར་བརྩི་བ་དང་། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང“དེ་བས་གསུམ”གྱི་ཆེད་དོན་སློབ་གསོ་སོགས་དམ་འཛིན་བྱ་གཞིར་བྱས་ནས། “གཙོ་འཛིན་གྱི་བརྩེ་སེམས་ཚོར་བར་བྱས་ནས་ཆབ་སྲིད་ཀྱི་ནུས་པ་གསུམ་ཞུན་བརྡར་བྱེད་པ”དང“ཧྲུའུ་ཅི་བརྒྱ་ཡིས་མྱོང་ཚོར་གླེང་ནས་ལས་བྱེད་པ་སྟོང་མཉམ་དུ་ཡར་རྒྱས་འགྲོ་བ” “གསར་བརྗེའི་ལོ་ཟླར་རྗེས་དྲན་བྱས་ནས་ཐོག་མའི་བསམ་འདུན་ལག་བསྟར་བྱེད་པ” “ལས་བྱེད་པ་སྟོང་གྲོང་ཚོ་སྟོང་ལ་སྐྱོད་པ” “མི་སྣ་རྒན་གྲས་གསུམ་གྱིས་ཉམས་མྱོང་གླེང་བ”སོགས་ཀྱི་བྱེད་སྒོ་རབ་དང་རིམ་པ་ཤུགས་ཆེན་སྤེལ་བས། ཏང་ཡོན་ལས་བྱེད་པའི་ཆབ་སྲིད་ཀྱི་གོ་རྟོགས་མཐོ་རུ་ཕྱིན་པ་དང་། ཏང་གཤིས་ཀྱི་འདུ་ཤེས་ཟབ་ཏུ་ཕྱིན་པ། “འདུ་ཤེས་བཞི”སྔར་བས་ཟབ་ཏུ་ཕྱིན་པ། “གདེང་ཚོད་བཞི”སྔར་བས་བརྟན་དུ་ཕྱིན་པ། “སྲུང་སྐྱོང་གཉིས”སྔར་བས་ཐུབ་པ་བཅས་བྱུང་ཡོད།
  གཞི་རིམ་གྱི་མཁར་རྫོང་སྲ་བརྟན་དུ་བཏང་ནས་འཕེལ་རྒྱས་ཀྱི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་བ།
  གཞི་རིམ་ཏང་རྩ་འཛུགས་ནི་ཏང་གི་ལས་དོན་ཧྲིལ་པོ་དང་འཐབ་འཛིང་ནུས་ཤུགས་ཀྱི་རྨང་གཞི་ཡིན། རྨང་གཞི་བརྟན་དུ་བཏང་ཚེ་ཏང་ཧྲིལ་པོ་གཞི་ནས་བྲག་རྡོ་ལྟར་བརྟན་པ་དང་ལས་དོན་ཁག་ལ་གཞི་ནས་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་ཐུབ།
  ཉེ་བའི་ལོ་ཤས་རིང་། ཆབ་མདོ་གྲོང་ཁྱེར་གྱིས་གཞི་རིམ་ལ་དམ་འཛིན་ཤུགས་ཆེན་བྱེད་པའི་སྟོན་ཕྱོགས་ཁ་གསལ་བཏོད་དེ་གཞི་རིམ་ཏང་འཛུགས་སྐྱོང་གི“འདུ་འགོད་ཆེན་པོ་བརྒྱད”དང“གྲོང་ཚོ་བརྒྱ་བཅོས་སྒྲིག་དང་གྲོང་ཚོ་སྟོང་མཐོར་གཏོང”གི་འཆར་གཞིའི་ཇུས་འགོད་ལག་བསྟར་བྱས་ནས“སྐར་མ་དྲུག”གི་གཞི་རིམ་ཏང་ཀྲི་པུའུ་གསར་གཏོད་དང“གསར་བརྗེའི་མཛེས་སྡུག་ལྡན་པའི་གྲོང་ཚོའི”ཚོད་ལྟའི་ལས་དོན་སྤེལ་ཏེ་ཏང་འཛུགས་སྐྱོང་གི་དཔེ་སྟོན་ས་ཚིགས་132བཏོད་པ་དང་། གྲོང་ཁྱེར་ཐད་གཏོགས་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་གི་སྤུས་རྟགས་40བཏོད་པས་ཏང་གི་སྲིད་སྐྱོང་རྨང་གཞི་སྔར་བས་བརྟན་དུ་ཕྱིན་ཡོད།
  ཉེ་བའི་ལོ་ཤས་རིང་། ཆབ་མདོ་གྲོང་ཁྱེར་གྱིས་ཏང་དོན་ལས་བྱེད་པ་གསོ་སྐྱོང་བྱེད་ཟབ་ཏུ་གཏོང་རྒྱུར་སྣང་ཆེན་བྱས་ཏེ། གྲོང་ཚོའི་བཅའ་སྡོད་ལས་བྱེད་པའི་ཁྲོད“བརྒྱུད་རོགས་ཁྲིད་གསུམ”གྱི་ལས་དོན་གསར་གཏོད་བྱས་ནས་ལས་ཁུངས་ཀྱི་ལས་བྱེད་པ་2193སྔ་རྗེས་སུ“ཧྲུའུ་ཅི་དང་པོ”བྱེད་པར་མངགས་པ་དང་། ལས་ཁུངས་ཀྱི་ལས་བྱེད་པ་ཕུལ་བྱུང་233གཙོ་གནད་དང་དཀའ་གནད་ཆེ་བའི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་དཔོན་བྱེད་པར་གནད་སྨིན་ངང་མངགས་པ། གྲོང་གསེབ་དར་རྒྱས་གཏོང་བའི་ཆེད་བསྐོས་ལས་བྱེད་པ་1083བསྡུས་ནས་གཞི་རིམ་གྱི་སྟོབས་ཤུགས་ཆེ་རུ་བཏང་བ། གྲོང་ཚོའི(གྲོང་ལྷན)ལས་བྱེད་པ་གཙོ་བོ་ལྗོངས་ཕྱིར་རེས་སྐོར་གསོ་སྦྱོང་དང་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་ཤུགས་ཆེན་བྱས་པ། 《ཆབ་མདོ་གྲོང་ཁྱེར་གྱི་གྲོང་ཚོའི(གྲོང་ལྷན)ལས་བྱེད་པའི་བྱས་རྗེས་དཔྱད་ཞིབ་དང་བྱ་དགའི་ལག་བསྟར་ཞིབ་སྲོལ(ཚོད་ལྟའི་ལག་བསྟར)》བཏོན་པ། གྲོང་ཚོའི(གྲོང་ལྷན)ལས་བྱེད་པའི་ལས་རྗེས་དོ་དམ་ལག་བསྟར་བཅས་བྱས་པས་གཞི་རིམ་དཔུང་ཁག་གི་སྤྱི་ཡོངས་ཀྱི་བྱང་ཚད་མཐོ་རུ་དང་གཞི་རིམ་གྱི་གསོན་ཤུགས་སྔར་བས་འཕེལ་ཡོད་པ་རེད།
  དཔུང་ཁག་འཛུགས་སྐྱོང་ལེགས་སུ་བཏང་ནས་ཤེས་ལྡན་མི་སྣའི་གསོན་ཤུགས་འཕེལ་བར་བྱས་པ།
  སྲིད་དོན་སྐྱོང་བའི་གནད་འགག་ནི་མི་བཀོལ་སྤྱོད་ལ་ཐུག་ཡོད། ཉེ་བའི་ལོ་ཤས་རིང་། ཆབ་མདོ་གྲོང་ཁྱེར་གྱིས་དུས་སྐབས་གསར་པའི་ལས་བྱེད་པ་ཡག་པོའི་ཚད་གཞི་དོན་འཁྱོལ་ནན་ཏན་བྱས་ནས་ལས་བྱེད་པར་རྟོག་ཞིབ་དབྱེ་འབྱེད་དང་འདེམས་སྒྲུག་བསྐོ་སྤྱོད་ཀྱི་ལམ་སྲོལ་ཟམ་མི་ཆད་པར་ལེགས་སུ་བཏང་བ་དང་། “ནན་པོ”གཙོ་བོ་དང“ཏན་ཏིག”ཐ་སྐྱོང་བྱས་ཏེ་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁུར་ཕོད་པ་བཅས་ཀྱི་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་ཁག་ཅིག་ཧུར་ཐག་བཏོད་ཡོད། སྔ་རྗེས་སུ《ཆབ་མདོ་གྲོང་ཁྱེར་གྱི་ཏང་སྲིད་ལས་བྱེད་པ་གདམ་གསེས་བསྐོ་སྤྱོད་དབྱེ་ཞིབ་དང་ཞིབ་འཇུག་བརྡར་གཅོད་དང་དྲན་འཆར་ལས་དོན་གྱི་ལག་བསྟར་བྱ་ཐབས(ཚོད་ལྟའི་ལག་བསྟར)》སོགས་ལས་བྱེད་པའི་རྟོག་ཞིབ་གདམ་གསེས་དང་བསྐོ་སྤྱོད་ལག་བསྟར་བྱ་ཐབས་5གཏན་འབེབས་བྱས་པ་དང་། 《ཏང་རྩ་འཛུགས་ཀྱིས་ལས་བྱེད་པ་འོས་སྦྱོར་བྱེད་པའི་གནས་སྐབས་ལག་བསྟར་བྱ་ཐབས》དང《ཆབ་མདོ་གྲོང་ཁྱེར་གྱི་ཏང་སྲིད་འགོ་ཁྲིད་ཚན་ཁག་དང་འགོ་ཁྲིད་ལས་བྱེད་པའི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་གི་འགན་འཁྲིའི་ལམ་ལུགས་ཀྱི་དཔྱད་ཞིབ་བྱ་ཐབས》བཏོན་པ་དང་། ལྗོངས་ཡོངས་སུ་གཞན་གྱི་སྔོན་ལ《ལས་བྱེད་པའི་ཆབ་སྲིད་བྱང་ཚད་ལ་རྟོག་ཞིབ་དང་གདེང་འཇོག་བྱེད་པའི་བྱ་ཐབས(ཚོད་ལྟའི་ལག་བསྟར)》བཏོན་པ་དང“འཐབ་ཕྱོགས་དང་པོའི་རྟོག་ཞིབ་བཅའ་ཁྲིམས”ཁྱབ་གདལ་བཏང་བས་ཚན་ཁག་གི་གྲུབ་ཆ་སྔར་བས་ལུགས་མཐུན་བྱུང་ཡོད།
  2019ལོ་ནས་བཟུང་། ཆབ་མདོ་གྲོང་ཨུད་རྩ་འཛུགས་པུས་རྒྱུན་རྣམ་ཅན་གྱི་སྒོ་ནས“རྩ་འཛུགས་ལ་སྙིང་གཏམ་ཤོད་པའི”བྱེད་སྒོ་སྤེལ་ནས་རྩ་འཛུགས་དང་ལས་བྱེད་པ་དང་ཤེས་ལྡན་མི་སྣའི་དབར་འབྲེལ་གཏུག་ནུས་ལྡན་བྱེད་པའི“སེམས་འབྲེལ་ཟམ་པ”ཏན་ཏིག་བཙུགས་ཡོད། བྱེད་སྒོ་སྤེལ་བ་ནས་བཟུང་། ལས་བྱེད་པའི་རེ་ཞུ་དང་གྲོས་འགོ་ཁྱོན་བསྡོམས་455འབྱོར་བ་དང་། ལས་བྱེད་པར་དཀའ་ངལ་དངོས་དང་དོགས་གནད་377ཐག་གཅོད་བྱེད་རོགས་བྱས་པས། རྒྱ་ཆེའི་ཏང་ཡོན་དང་། ལས་བྱེད་པ། ཤེས་ཡོན་ཅན་བཅས་བློ་བདེ་པོའི་ངང་ནས་ལས་ཀར་ཞུགས་ཐུབ་པ་བྱུང་ཡོད།
  “ཆབ་མདོའི་སློབ་ཁང”ནི་ཆབ་མདོ་གྲོང་ཁྱེར་གྱིས་ལས་བྱེད་པའི་འཇོན་ཐང་ཆེ་རུ་དང་བྱང་ཚད་མཐོ་རུ་གཏོང་བའི་བྱེད་ཐབས་ནུས་ལྡན་ཞིག་རེད། ལྗོངས་ཕྱི་ནང་དང་དེ་བཞིན་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་གྱི་གསོ་སྦྱོང་ཐོན་ཁུངས་གང་ལེགས་སྤྱོད་ཆེད། ཆིང་ཧྭ་སློབ་ཆེན་དང་ལས་བྱེད་པ་དང་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་འཐབ་ཇུས་མཉམ་ལས་བྱས་ནས་དུས་བཀག་ནང་རྒྱལ་ནང་གི་གྲགས་ཅན་རིགས་གཅིག་མཁས་ཅན་དང་མཁས་དབང་ཆབ་མདོར་སློབ་ཁྲིད་བྱེད་པར་གདན་ཞུ་བྱས་ཤིང་། ཉེ་བའི་ལོ་གསུམ་རིང་ལོ་རེར་གསོ་སྦྱོང་སྣ་ཚོགས་ཐེངས་2800ལྷག་ཙམ་བྱས་པ་དང་རིམ་རྩིས་བྱས་ན་ཏང་ཡོན་ལས་བྱེད་པ་མི་ཐེངས་ཁྲི་6.7ལྷག་ཙམ་ལ་གསོ་སྦྱོང་བྱས་པས་གྲོང་ཁྱེར་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་ཏང་གཤིས་བློ་སྦྱོང་དང་ནུས་པའི་བྱང་ཚད་ཕྱོགས་ཡོངས་ནས་མཐོ་རུ་ཕྱིན་ཡོད་པ་རེད།