ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > དཔྱད་གཏམ་དྲང་འཇལ།

རང་རྒྱལ་གྱི་བུད་མེད་མཐོ་རིམ་དོ་དམ་པས“བུད་མེད”ཀྱི་སྟོབས་ཤུགས་ཇི་ལྟར་ངོམ་གྱི་ཡོད་དམ།

སྤེལ་དུས 2022-03-10 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།
  “གསུམ་བརྒྱད”རྒྱལ་སྤྱིའི་ངལ་རྩོལ་བུད་མེད་དུས་ཆེན་གྱི་སྔ་ནུབ་ཏུ་གྲངས་གཞི་ཞིག་ལ་དོ་ཁུར་ཆེན་པོ་བྱེད་པ་སྟེ། ཀྲུང་གོའི་ཁྲོམ་རར་ཞུགས་པའི་ཁེ་ལས་6.4%ཡི་དབུ་བཞུགས་ལག་བསྟར་དཔོན(CEO)བུད་མེད་ཡིན་ཞིང་། བསྡུར་ཚད་འདི་དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱི་5.2%ཀྱི་ཆ་སྙོམས་ཆུ་ཚད་ལས་མཐོ་བ་ཡོད།
  གྲངས་གཞི་འདིའི་རྒྱབ་ཏུ་ནང་དོན་ཇི་འདྲ་ཞིག་མཚོན་གྱི་ཡོད་དམ། རང་རྒྱལ་གྱི་བུད་མེད་མཐོ་རིམ་དོ་དམ་པའི་བཟུང་ཚད་རྒྱུན་མཐུད་འཕར་དོན་ཅི་ཡིན་ནམ། བུད་མེད་ཀྱིས་རང་ངོས་ཀྱི་རིན་ཐང་ཇི་ལྟར་འདོན་དགོས་པའི་སྐོར་ལ་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པས་བརྟག་དཔྱད་བྱས་པ་ཡིན།
  རང་རྒྱལ་གྱི་བུད་མེད་མཐོ་རིམ་དོ་དམ་པའི་བསྡུར་ཚད་རྒྱུན་མཐུད་འཕར་བ།
  ཨ་རིའི་མིང་ཧྲེང་ཀུང་སིས(MSCI)ཉིན་ཤས་གོང་ཡོང་བསྒྲགས་བྱས་པའི་སྙན་སེང་ལས་མངོན་པར། ཉེ་བའི་ལོ་ཤས་རིང་ཀྲུང་གོའི་བུད་མེད་ཀྱིས་ལས་འཛིན་ལྷན་ཚོགས་ཀྱི་བཟུང་ཚད་ལོ་རེ་བཞིན་མང་དུ་ཕྱིན་པ་དང་2021ལོར་13.8%བར་མང་དུ་ཕྱིན་ནས། བུད་མེད་ཀྱིས་CEOདང་དབུ་བཞུགས་ནོར་དོན་དཔོན(CFO)གྱི་འགན་འཁུར་བའི་བཟུང་ཚད་རྒྱལ་སྤྱིའི་ཆ་སྙོམས་ཆུ་ཚད་ལས་མཐོ་བ་ཡོད་པ་རེད།
  གསར་འགོད་པས་བརྟག་དཔྱད་བྱས་ནས་ཤེས་རྟོགས་བྱུང་བར། རང་རྒྱལ་གྱི་ཁྲོམ་རར་ཞུགས་པའི་ཀུང་སིའི་བུད་མེད་མཐོ་རིམ་དོ་དམ་པའི་བསྡུར་ཚད་རྒྱུན་མཐུད་འཕར་བ་དང་། ལས་འཛིན་ལྷན་ཚོགས་དང་མཐོ་རིམ་དོ་དམ་པའི་གྲུབ་ཆ་དེ་བས་སྣ་མང་ཅན་དུ་གྱུར་ནས་ཀྲུང་གོའི་ཁྲོམ་རར་ཞུགས་པའི་ཀུང་སིར་དབྱར་མཚོ་རྒྱས་པ་ལྟར་གྱི་འཕེལ་རྒྱས་ཀྱི་གསོན་ཤུགས་བསྣན་ཡོད་པ་རེད།
  “ང་དང་ཐོག་མཐོ་སློབ་ཐོན་ཏེ་ཧའེ་ནན་དུ་སྐྱོད་སྐབས་མཉམ་ལས་བྱེད་མཁན་མང་ཆེ་བ་སྐྱེས་པའི་ཁེ་ལས་མཁས་ཅན་རེད་འདུག ཉེ་བའི་ལོ་ཤས་རིང་། བུད་མེད་ཀྱི་མཐོ་རིམ་དོ་དམ་པ་ཇེ་མང་དུ་ཕྱིན་ནས་བུད་མེད་ཀྱིས་ལས་རིགས་ཁག་དང་ལས་སྟེགས་ཁག་ཏུ་རང་ཉིད་ཀྱི་འཇོན་ཐང་ངོམ་བཞིན་ཡོད་པ་མྱོང་ཚོར་ཟབ་མོ་བྱུང”ཞེས་ཧྭ་ཤིས་སྐྱེ་དངོས་ཚན་རྩལ་མ་རྐང་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ཀྲའོ་ཡན་གྱིས་གསར་འགོད་པར་བརྗོད། མིག་སྔར་ཧྭ་ཤིས་སྐྱེ་དངོས་ཀྱི་ཁྲོམ་རའི་རིན་ཐང་སྒོར་དུང་ཕྱུར་500ལྷག་ཙམ་ཟིན་པ་དེ་ཁོང་དང་ཚོགས་པའི་བུད་མེད་མཐོ་རིམ་དོ་དམ་པ་གཞན་དག་4ཡི་འབད་བརྩོན་དང་ཁ་འབྲལ་ཐབས་མེད།
  སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་མཁན་གྱི“གནམ་ཕྱེད་ཀ”
  ཉེ་དུས་ཕུའུ་པུའུ་སིའི་ཀྲུང་གོས“2022ལོའི་ཀྲུང་གོའི་ཚོང་དོན་ལས་རིགས་ཀྱི་ཕུལ་བྱུང་བུད་མེད་ཀྱི་མིང་ཐོ་བརྒྱ”ཡོངས་བསྒྲགས་བྱས་ཤིང་། ན་ནིང་དང་བསྡུར་ན་འདི་ལོ་མིང་ཐོར་ཚུད་མཁན་གསར་པ་30ལྷག་ཙམ་ཡོད་པ་དང་། སྨན་དང་སྨན་རྫས་དང་། ཚན་རྩལ། སིལ་ཚོང་བཅས་ཁྱབ་ཁོངས་ཆེན་པོ་གསུམ་གྱིས་དེའི་ཕྱེད་ཀ་བཟུང་ཡོད་པ་རེད།
  གསར་འགོད་པར་ཤེས་རྟོགས་བྱུང་བར། སྐྱེ་དངོས་སྨན་བཅོས་དང་། ཚན་རྩལ་གསར་གཏོད། དྲ་སྦྲེལ་གྲངས་གཞི་ཆེན་པོ་སོགས་ཁྱབ་ཁོངས་སུ་བུད་མེད་ཀྱིས་ཀྲུང་གོའི་ཁྲོམ་རར་ཞུགས་པའི་ཀུང་སིར་ཏུང་ཧྲི་ཀྲང་གི་འགན་འཁུར་བའི་བསྡུར་ཚད་མཐོ་རུ་སོང་ཡོད་པ་རེད།
  “ཤེས་བྱའི་རྣམ་པ་དང་གསར་གཏོད་རྣམ་པའི་དུས་རབས་ཤར་བ་དང་ཆབས་ཅིག ཕུལ་བྱུང་གི་བུད་མེད་ཤེས་ཡོན་ཅན་ལ་འཇོན་ཐང་ངོམ་པའི་གོ་སྐབས་དེ་བས་མང་བ་ཐོབ་པ་དང་། ལྷག་པར་དུ་མདུན་གྲལ་གྱི་ཚན་རིག་ཞིབ་འཇུག་ལ་ཕུལ་བྱུང་བུད་མེད་མི་ཉུང་བ་ཞིག་གིས་འགག་རྩའི་ལས་གནས་སུ་འཇོན་ཐང་བཏོན་ནས། ལག་རྩལ་གསར་གཏོད་དང་བཀོལ་སྤྱོད་ཁྱབ་གདལ་ལ་སྐུལ་འདེད་གཏོང་བཞིན་ཡོད”ཅེས་ཀྲུའུ་ཡན་མའེ་ཡིས་བརྗོད།
  ཚོང་འགུགས་དངུལ་ཁང་དང་ཀྲུང་གོ་སྦྲེལ་མཐུད་ཀྱི་དངུལ་རྩའི་དབུ་བཞུགས་ཞིབ་འཇུག་པ་ཏུང་ཤིས་མེའོ་ཡིས་ངོས་འཛིན་བྱས་དོན། ཚན་རྩལ་གསར་གཏོད་ཐད་བུད་མེད་ཀྱི་སྟོབས་ཤུགས་ཀྱིས་ཐོན་ལས་ཁག་གི་མཉམ་འདྲེས་འཕེལ་རྒྱས་ལ་ཤུགས་རྐྱེན་ཐེབས་བཞིན་ཡོད་ཅིང་། བུད་མེད་ཀྱིས་རང་ཉིད་ཀྱི་བློ་གྲོས་དང་ནུས་པ་བཏོན་ཏེ། རྒྱལ་ཁབ་འཐབ་ཇུས་ཀྱི་བཀོད་པ་གསར་པར་འདྲེས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་མཁན་གྱི“གནམ་ཕྱེད་ཀར”གྱུར་ཡོད།
  དེ་བས་ལེགས་པའི་ཁོར་ཡུག་གིས་བུད་མེད་ལ་འབྱུང་འགྱུར་གཏོད་པར་འདེགས་སྐྱོར་བྱས་པ།
  གསར་འགོད་པས་བཅར་འདྲི་བྱེད་རིང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་བ་དང་ཆབས་ཅིག “བུད་མེད་ཀྱིས་ནང་ལས་གཙོ་བོར་བྱེད་པའི”རྣམ་པར་འགྱུར་ལྡོག་ཕྱིན་ནས་བུད་མེད་ལ་བརྩི་འཇོག་དང་གཅེས་སྐྱོང་བྱེད་པ་སྤྱི་ཚོགས་ཀྱི་ཐུན་མོང་ངོས་འཛིན་ཞིག་ཏུ་འགྱུར་བཞིན་ཡོད་པ་ཤེས་རྟོགས་བྱུང་།
  “དུས་རབས་བཟང་པོ་འདིར་བརྟེན་ནས། བུད་མེད་ཀྱིས་རང་ཉིད་ཀྱི་འབད་འཐབ་བརྒྱུད་མི་ཚེའི་རིན་ཐང་མངོན་འགྱུར་ཐུབ་ནས། མི་ཚེར་དོན་སྙིང་ལྡན་པ་དང་ཕུགས་འདུན་མངོན་འགྱུར་ཐུབ་པའི་གོ་སྐབས་ཐོབ་ཡོད”ཅེས་ཀྲི་ཏུའུ་ཚོགས་པ་ཚད་ཡོད་ཀུང་སིའི་མཉམ་ལས་པ་སུན་ཅིང་གིས་བརྗོད། ཕྲུ་གུ་གཉིས་ཀྱི་ཨ་མའི་ངོས་ནས། ཁོང་གིས་ནང་མིའི་རོགས་རམ་དང་རྒྱབ་སྐྱོར་འོག་སེམས་ནུས་དེ་བས་མང་བ་ལས་ཀར་བཞག་ནས། འགོ་ཁྲིད་ཚོགས་པ་དང་མཉམ་དུ་ཀུང་སིའི་ལས་སྒོ་གོ་ལ་ཧྲིལ་པོའི་རྒྱལ་ཁབ་དང་ས་ཁུལ་50ལྷག་ཙམ་ལ་རྒྱ་སྐྱེད་གཏོང་བར་གཞོལ་བཞིན་ཡོད་པ་རེད།
  རིམས་འགོག་གི་འཐབ་ས་དང་པོར། ཁོ་ཚོས་ཚེ་སྲོག་ལ་བརྟེན་ནས་ལས་འགན་ཕྲག་ཏུ་ཁུར་ཞིང་། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ཕུ་ཐག་ཆོད་པ་ཞིག་བླངས་པ་དང་། ཁོ་ཚོས་ས་གཞི་ཆེན་པོར་གཞི་ཚུགས་ནས་བརྩེ་སེམས་ཆེན་པོས་ལེགས་སྐྱེས་ཕུལ་བ། ཚན་ཞིབ་འགག་སྒྲོལ་གྱི་མདུན་ཕྱོགས་སུ་ཁོ་ཚོས་བློ་གྲོས་ལེགས་སྐྱེས་ཕུལ་བ་དང་གསར་སྒྱུར་ལ་སྣེ་ཁྲིད་བྱེད་པ་སོགས། དུས་རབས་གསར་པའི་ཡངས་ཤིང་རྒྱ་ཆེ་བའི་གར་སྟེགས་སུ། ཀྲུང་གོའི་བུད་མེད་ཚོས་བྱ་གཞག་རླབས་ཆེན་གྱི་འཛུགས་སྐྲུན་པ་དང་། ཤེས་དཔལ་སྲོལ་བཟང་དར་སྤེལ་གཏོང་མཁན། ཕུགས་འདུན་དོན་གཉེར་བྱེད་ཕོད་པའི་འབད་འཐབ་པ་བཅས་བྱེད་པའི་བརྩོན་ལེན་བྱེད་བཞིན་མཆིས།
རྩོམ་སྒྲིག་པ། བདེ་སྒྲོན།