ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > དཔྱད་གཏམ་དྲང་འཇལ།

གནད་ལ་འཁེལ་བའི་བྱ་ཐབས་སྤྱད། གྲོང་གསེབ་དར་རྒྱས་རྣམ་པ་བཟང་།

བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་གཏིང་སྐྱེས་རྫོང་གིས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་བཏང་བའི་སྐོར་བཀོད་པ།

སྤེལ་དུས 2022-04-06 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
  ཉེ་བའི་ལོ་ཤས་རིང་། བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་གཏིང་སྐྱེས་རྫོང་གིས་ཐུན་མོང་མ་ཡིན་པའི་རང་བྱུང་ཐོན་ཁུངས་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་ཤུགས་ཆེན་བྱས་ཏེ་ཐོན་ལས་འཕེལ་རྒྱས་དང་། སྐྱེ་ཁམས་སྡོད་མལ་ལ་འཚམ་པ། ཡུལ་སྲོལ་བཟང་བ། བཅོས་སྐྱོང་ནུས་ལྡན། འཚོ་བ་འབྱོར་ཕྱུག་སོགས་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་པས་ཞིང་འབྲོག་ཁུལ་གྱི་ཁོར་ཡུག་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ་དང་། ཞིང་འབྲོག་པའི་འཚོ་བའི་སྤུས་ཚད་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ནས་གྲོང་གསེབ་དར་རྒྱས་གཏོང་བའི་ལམ་བུར་གོམ་སྟབས་བརྟན་པོ་སྤོས་ཡོད།
  འཁོར་ཆེན་གྲོང་ཚོས་ཐོན་ལས་འཕེལ་རྒྱས་བཏང་ནས་ཕྱུག་འགྱུར་ལམ་བུ་རྒྱ་ཆེར་བཏང་བ།
  བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་གཏིང་སྐྱེས་རྫོང་གཟར་ཤང་འཁོར་ཆེན་གྲོང་ཚོའི་རྩྭ་ཐང་གི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད། 2020ལོར་འཁོར་ཆེན་གྲོང་ཚོས“ཕྱུགས་རིགས་དང་། རྩྭ་ཐང་བརྒྱུད་བཤུག དངུལ་སྨར”བཅས་མ་རྐང་ལ་བཞག་ནས་གསོ་ཚགས་ཞིང་པའི་ཆེད་ལས་མཉམ་ལས་ཁང་བཙུགས་པ་དང་མིག་སྔར་ལུག་6000གསོ་ཚགས་བྱས་ཡོད་པ་རེད།
  “མཉམ་ལས་ཁང་ལ་མ་ཞུགས་གོང་ཁྱིམ་གྱི་ལོའི་ཡོང་འབབ་སྒོར་ཁྲི་2ཙམ་ཟིན་གྱི་ཡོད། ངའི་ཁྱིམ་གྱིས་ལུག་མཉམ་ལས་ཁང་གི་མ་རྐང་ལ་བཞག་རྗེས་ལོ་གཅིག་ལ་ཡོང་འབབ་སྒོར་ཁྲི་10ཡོང་གི་འདུག”ཅེས་འཁོར་ཆེན་གྲོང་ཚོའི་གྲོང་མི་སྤེན་པས་དགའ་སྤྲོའི་ངང་གསར་འགོད་པར་བརྗོད་བྱུང་།
  མིག་སྔའི་བར་མཉམ་ལས་ཁང་གིས་ཁྱོན་ལུག་1300བཤས་བཏང་བས་ཡོང་འབབ་ཁེ་གཙང་སྒོར་ཁྲི་76.6ཟིན་པ་དང་ཆབས་ཅིག་མང་ཚོགས་8ཀྱི་ལས་ཞུགས་གནད་དོན་ཐག་གཅོད་བྱས་པས་མང་ཚོགས་དུད་ཚང་102ཀྱི་ངལ་ནུས་ཕྱིར་གཏོང་གི་ཡོང་འབབ་མང་དུ་ཕྱིན་ཡོད་པ་རེད།
  མང་ཚོགས་ཐོན་ལས་འཁོར་འབྲེལ་ཐོག་གཅིག་སྡུད་བྱེད་པ་དང་མང་ཚོགས་ཐོན་ལས་འཁོར་འབྲེལ་ལས་ཕྱུག་པོ་ཆགས་པར་བྱ་རྒྱུ་ནི་གཏིང་སྐྱེས་རྫོང་གི་འཕེལ་རྒྱས་ཀྱི་བསམ་ཕྱོགས་ཤིག་རེད། ཉེ་བའི་ལོ་ཤས་རིང་གཏིང་སྐྱེས་རྫོང་གིས་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་དང་སྟོབས་ཆེར་བཏང་སྟེ་ནས་དང་། བོད་ཕག བོད་བྱ། ཇོ་རིའི་ནོར་ལུག བ་གླང་གི་རྒྱུད་པ་ལེགས་གཏོང་སོགས་ཐོན་ལས་རྟེན་གཞི་མགྱོགས་མྱུར་བསྐྲུན་ནས་མང་ཚོགས་ཀྱི་ཕྱུག་འགྱུར་ལམ་བུ་རྒྱ་ཆེར་བཏང་ཡོད།
  “གཏིང་སྐྱེས་རྫོང་གིས‘ལོ་ལྔ་ཚན་བཅུ་བཞི་པའི’རིང་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་གཏོང་བ་དང་འབྲེལ་མཐུད་ནུས་ལྡན་བྱེད་པའི་འཆར་འགོད་རིགས་ཀྱི་རྣམ་གྲངས་40ཡིག་ཐོག་སྙན་ཞུ་ཕུལ་ཡོད། ཁྱོན་མ་འཇོག་སྒོར་དུང་ཕྱུར་3.98བྱས་པའི་ནང་ཐོན་ལས་རིགས་ཀྱི་རྣམ་གྲངས་17ཚུད་པ་དང་དེ་དག་ལ་མ་དངུལ་སྒོར་དུང་ཕྱུར་1.42བཏང་ཡོད” ཅེས་གཏིང་སྐྱེས་རྫོང་གི་རྫོང་དཔོན་ཚེ་ཆུང་གིས་གསར་འགོད་པར་བརྗོད།
  མང་རྭ་གྲོང་ཚོའི་ཡུལ་སྲོལ་བཟང་བས་རྣམ་པ་གསར་པ་མངོན་པ།
  མང་རྭ་གྲོང་ཚོ་ནི་གཏིང་སྐྱེས་རྫོང་རྒྱལ་མཁར་གྲོང་རྡལ་དུ་གནས་པ་དང་གང་སར་སྐད་གྲགས་ཆོད་པའི“ཤེས་དཔལ་གྲོང་ཚོ”ཞིག་རེད། མང་རྭ་གྲོང་ཚོར་སྐྱོད་སྐབས་ཁོད་སྙོམས་པའི་ཨར་འདམ་ལམ་བུའི་སྟེང་གད་སྙིགས་མཐོང་རྒྱུ་མེད། གྲོང་ཚོའི་མདུན་དུ་སྦྱར་དཀར་4000ལྷག་ཙམ་བཏབ་པ་དང་གྲོང་ཚོའི་རྒྱབ་ཏུ་ཡངས་ཤིང་རྒྱ་ཆེ་བའི་འདམ་ར་ཡིན་པ་རེད།
  “ད་ཆ་ང་ཚོའི་གྲོང་ཚོ་ཧ་ཅང་མཛེས་པོ་ཡོད། དེ་སྔོན་དེར་གུ་དོག་པའི་ལམ་ཆུང་ཞིག་ལས་མེད། ཆར་པ་ཆེན་པོ་འབབ་སྐབས་ལམ་ཆུང་དེའི་སྟེང་གད་སྙིགས་འདམ་རྫབ་ཀྱིས་ཁེངས་ཀྱི་ཡོད། ཉེ་བའི་ལོ་ཤས་རིང་གྲོང་རྡལ་ཡོངས་ཀྱིས་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་ཧུར་ཐག་བྱས་ནས་སྡོད་མལ་ཁོར་ཡུག་བཅོས་སྐྱོང་ལ་སྐུལ་འདེད་བཏང་བས་གྲོང་གསེབ་ཀྱི་རྣམ་པར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད། དེ་དག་ཚང་མ་གྲོང་སྲོལ་དམངས་ཆིངས་དང་འབྲེལ་བ་དམ་ཟབ་ཡོད”ཅེས་མང་རྭ་གྲོང་ཚོའི་ཧྲུའུ་ཅི་དང་པོ་སྐལ་བཟང་ནོར་བུས་བརྗོད།
  ཡུལ་སྲོལ་བཟང་བ་ནི་གྲོང་གསེབ་དར་རྒྱས་གཏོང་བའི་ནང་དོན་གལ་ཆེན་ཞིག་ཡིན། མང་རྭ་གྲོང་ཚོའི་ཏང་དམངས་ཞབས་ཞུའི་ལྟེ་གནས་ཀྱི་གྱང་སྟེང་དུ“ཕྱོགས་བསྡུས་བཅོས་སྐྱོང་གི་སྐར་གྲངས་དཔྱད་བསྡུར་རེའུ་མིག”བཀལ་ཡོད། དེའི་འགྲམ་དུ་བོད་རྒྱ་ཤན་སྦྱར་གྱི《གྲོང་སྲོལ་དམངས་ཆིངས》བཀལ་ཡོད་པ་དེའི་ནང་གྲོང་དོན་ཡོངས་བསྒྲགས་ནས་ཁོར་ཡུག་འཕྲོད་བསྟེན་བཅོས་སྐྱོང་བྱེད་པའི་བར་དང་། མནའ་མ་བསུ་ལེན་དང་གཤིན་པོ་དུར་སྐྱེལ་ནས་ཁྱིམ་མཚེས་བར་གྱི་རྩོད་གཞི་འདུམ་འགྲིག་བྱེད་པའི་བར་སོགས་ཚང་མར་གཏན་འབེབས་ཁ་གསལ་བྱས་འདུག
  འདི་ལོ་ལོ་28ལ་སླེབས་པའི་ངག་དབང་ནི་མང་རྭ་གྲོང་ཚོའི་གྲོང་མི་ཞིག་ཡིན་པ་དང་། དེ་གོང་ཁོང་ལ་གྲོང་མི་ཚོས“ལེ་ལོ་ཅན”དང“ར་བཟི་བ”ཞེས་བརྗོད་ཀྱི་ཡོད། གྲོང་ཚོའི“ཨུ་ལྷན་གཉིས”ཀྱིས་ཁ་ཏ་བསླབ་བྱ་ཐེངས་མང་བྱས་པ་དང《གྲོང་སྲོལ་དམངས་ཆིངས》ཀྱི་ཚོད་འཛིན་ལས་ད་ཆ་ངག་དབང་གིས་ཆང་རག་བཅད་པ་མ་ཟད། ད་དུང་གཞིས་རྩེ་གྲོང་ཁྱེར་ནས་ཤིང་བཟོའི་ལག་རྩལ་སྦྱངས་པ་རེད། “ཁྱིམ་གྱི་ཆ་སྒམ་སོགས་མང་ཆེ་བ་ངག་དབང་གིས་བཟོས་པ་ཤ་སྟག་ཡིན་པ་དང་ཉིན་ཤས་གོང་ང་ལ་སྒོར་ཁྲི་1ལྷག་ཙམ་བསྐུར་བྱུང”ཞེས་ངག་དབང་གི་ཨ་མས་དགའ་ཚོར་ཆེན་པོས་གསར་འགོད་པར་བརྗོད་བྱུང་།
  ལོ་མང་རིང་མང་རྭ་གྲོང་ཚོས《གྲོང་སྲོལ་དམངས་ཆིངས》ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་ནས་དེ་གྲོང་མིའི་ལས་དོན་དང་འཚོ་བའི་ཚད་གཞི་དང་གྲོང་གསེབ་བཅོས་སྐྱོང་གི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཏུ་བརྩིས་ནས་གྲོང་ཚོ་ཞི་མཐུན་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་བ་དང་ཞིང་འབྲོག་མང་ཚོགས་ཀྱི་གོང་བུ་འགྲིལ་ཤུགས་དང་བློ་ཁ་ཕྱོགས་ཤུགས་ཆེ་རུ་བཏང་ཡོད།
  ནགས་ཐང་གྲོང་ཚོས་སྐྱེ་ཁམས་ལེགས་སུ་བཏང་ནས་བདེ་སྐྱིད་ཚོར་སེམས་ཆེ་རུ་བཏང་བ།
  ནགས་ཐང་གྲོང་ཚོ་ནི་ཇོ་མོ་གླང་མའི་ཤར་ལྷོའི་རྒྱུད་ཀྱི་འདྲེན་ཐང་ལུང་ཤུར་དུ་གནས་པ་དང་ཚ་ཁུལ་ཕལ་པའི་ཁོངས་སུ་གཏོགས་པས་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་ཕུན་སུམ་ཚོགས་པོ་ཡོད། ཉེ་བའི་ལོ་ཤས་རིང་ནགས་ཐང་གྲོང་ཚོས་ཐོན་ལས་འཕེལ་རྒྱས་གཏོང་བ་དང་དུས་མཚུངས“རི་སྔོན་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི”འདུ་ཤེས་བརྟན་པོ་བཙུགས་ནས་སྐྱེ་ཁམས་སྲུང་སྐྱོང་བྱ་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་ཨང་དང་པོར་བཞག་ཡོད།
  ཉི་མ་ནོར་བུ་ནི་ནགས་ཐང་གྲོང་ཚོའི་ནགས་སྲུང་བ་ཞིག་ཡིན། ཁོང་གིས་གསར་འགོད་པར“ང་ཚོས་ཟླ་རེར་ཉུང་མཐར་ཡང་རི་སྐོར་ཐེངས་གཉིས་རྒྱག་གི་ཡོད། ས་གནས་དེ་གར་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་ཧ་ཅང་མང་པོ་ཡོད་པས་ལྟ་སྲུང་བྱེད་གལ་ཆེ། ལས་ཀ་དེར་ང་ཧ་ཅང་དགའ་པོ་ཡོད། རང་ཉིད་ཀྱི་སྟོབས་ཤུགས་ཆུང་ངུས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཆེད་ལེགས་སྐྱེས་འབུལ་ཐུབ་པའི་རེ་བ་ཡོད”ཅེས་བརྗོད།
  ཉེ་བའི་ལོ་ཤས་རིང་ནགས་ཐང་གྲོང་ཚོའི“ཨུ་ལྷན་གཉིས”དང་གྲོང་སྡོད་ལས་དོན་རུ་ཁག་གིས་གྲོས་འདོན་ཡི་གེ་སྦྱར་བ་དང་། སྐད་འཕྲིན་ཚོགས་པའི་ནང་འོས་སྦྱོར་བྱེད་པ། གྲོང་སྲོལ་དམངས་ཆིངས་ཚད་ལྡན་དུ་གཏོང་བ། དུད་ཚང་དུ་སྒྲོག་འགྲེལ་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་མང་ཚོགས་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་འདུ་ཤེས་རྒྱུན་ཆད་མེད་པར་ཟབ་ཏུ་བཏང་ཡོད།
  ད་ཆ་དམངས་ཕྱུག་དམངས་ཕན་གྱི་གྲོང་གསེབ་དར་རྒྱས་གཏོང་བའི་བྱེད་ཐབས་རབ་དང་རིམ་པ་གཏིང་སྐྱེས་རྫོང་གི་ཤང་གྲོང་རྡལ་དང་གྲོང་ཚོ་བཅས་ཚང་མར་དོན་འཁྱོལ་བྱེད་བཞིན་ཡོད་པས་དེ་གའི་མི་རིགས་ཁག་གི་མང་ཚོགས་རྣམས་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་གོམ་སྟབས་ཆེན་པོས་མདུན་སྐྱོད་བྱེད་བཞིན་ཡོད།
རྩོམ་སྒྲིག་པ། བདེ་སྒྲོན།