ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་གལ་ཆེན།

ཞི་ཅིན་ཕིང་གིས་དཔེ་ཀློག་ཐད་འདི་སྐད་གསུངས།

སྤེལ་དུས 2022-04-24 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
          སྐབས་དང་པོའི་དམངས་ཡོངས་ཀྱི་དཔེ་ཀློག་ཚོགས་ཆེན་སྤྱི་ཚེས་༢༣ཉིན་པེ་ཅིང་དུ་འགོ་ཚུགས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྟེན་འབྲེལ་ཕྱག་ཡིག་སྤྲིངས་ནས་སྤྲོ་སེམས་འཁོལ་བའི་ངང་བཀྲ་ཤིས་བདེ་ལེགས་ཞུས་ཡོད་པ་རེད།
          ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་ནང་། དཔེ་ཀློག་ནི་མིའི་རིགས་ཀྱིས་ཤེས་བྱ་ཡོན་ཏན་སློབ་པ་དང་། རིག་སྟོབས་རྒྱས་པར་བྱེད་པ། ཀུན་སྤྱོད་བློ་སྦྱོང་བྱེད་པ་བཅས་ཀྱི་ཐབས་ལམ་གལ་ཆེན་ཞིག་ཡིན་ཞིང་། དཔེ་ཀློག་ལ་བརྩོན་ན་བསམ་བློའི་སྒོ་མོ་འབྱེད་ཐུབ་པ་དང་། བླ་ན་མཐོ་བའི་ཕུགས་བསམ་འཛུགས་ཐུབ་པ། གཤིས་རྒྱུད་བག་ཕེབས་དཀྱེལ་ཆེར་འགྱུར་ཐུབ། ཀྲུང་ཧྭ་མི་རིགས་ནི་གནའ་སྔ་མོ་ནས་དཔེ་ཀློག་ལ་སྣང་ཆེན་དང་། གནས་ལུགས་མཐིལ་རྟོགས་དང་། སེམས་བཟང་གཞུང་དྲང་ལ་དང་དོད་བྱེད་མཁན་ཞིག་ཡིན་ཞིང་། དེ་ལྟར་ཀྲུང་ཧྭ་མི་རིགས་ཀྱི་རྒྱུན་མི་ཆད་པའི་སྙིང་སྟོབས་རྒྱུན་འཛིན་ཐུབ་པ་དང་། ཀྲུང་གོའི་མི་དམངས་ཀྱི་རང་གིས་རང་ལ་བཅངས་པའི་བློ་སྤོབས་དང་། རང་སྟོབས་རང་སྤེལ་གྱི་གཤིས་རྒྱུད་གྲུབ་ཡོད་ཅེས་བསྟན་འདུག
          ཞི་ཅིན་ཕིང་གིས། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་སྣེ་ཁྲིད་ནས་དཔེ་ཀློག་སློབ་སྦྱོང་བྱས་ཏེ། བློ་སྦྱོང་སྙིང་སྟོབས་འཕེལ་བར་བྱེད་པ་དང་། འཇོན་ནུས་ཆེ་རུ་གཏོང་དགོས། བྱིས་པ་རྣམས་ནས་དཔེ་ཀློག་གི་གོམས་གཤིས་འཇགས་པ་བྱེད་པ་དང་། དགའ་སྤྲོའི་ངང་དཔེ་ཀློག་དང་། བདེ་ཐང་ངང་འཚར་ལོངས་ཡོང་བའི་རེ་བ་བྱེད་ཀྱི་ཡོད། སྤྱི་ཚོགས་ཧྲིལ་པོ་དཔེ་ཀློག་ནང་ཞུགས་ནས། དཔེ་ཀློག་ལ་དགའ་བ་དང་། དཔེ་དེབ་ཡག་པོ་ཀློག་པ། དཔེ་དེབ་ཀློག་མཁས་པོ་བྱེད་པ་བཅས་ཀྱི་རྣམ་པ་ཟབ་མོ་ཆགས་པའི་རེ་བ་ཡོད་ཅེས་གསུངས་འདུག
          འགོ་ཚུགས་མཛད་སྒོའི་ཐོག ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་ཧོང་ཁུན་མིང་གིས་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་སྒྲོག་སྦྱང་གནང་བ་མ་ཟད་གསུང་བཤད་ཀྱང་གནང་འདུག ཁོང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ་དེའི་ཐོག་ནས་ཏང་ཀྲུང་དབྱང་གིས་དམངས་ཡོངས་ཀྱི་དཔེ་ཀློག་ལ་སྐུལ་འདེད་དང་དཔེ་ཀློག་ཀྲུང་གོའི་འཛུགས་སྐྱོང་ལ་མཐོང་ཆེན་པོ་གནང་བ་མཚོན་གྱི་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ནས། དཔེ་ཀློག་ལ་སྣེ་ཁྲིད་བྱ་རྒྱུར་ཤུགས་སྣོན་དང་། དཔེ་ཀློག་གི་དར་སྲོལ་བཟང་པོ་ཆགས་པ་བྱས་ཐོག གྲོང་ཁྱེར་དང་གྲོང་གསེབ་ཀུན་དུ་ཁྱབ་པའི་དཔེ་ཀློག་ཁྱབ་གདལ་ཞབས་ཞུའི་མ་ལག་ཅིག་འཛུགས་པ་དང་། དམངས་ཡོངས་ཀྱི་དཔེ་ཀློག་གི་ཁྱབ་རྒྱ་ཆེ་རུ་གཏོང་བ་དང་། སྤུས་ཚད་ལེགས་སུ་གཏོང་བ། ཕན་འབྲས་ཆེ་རུ་གཏོང་བ་བཅས་བྱ་དགོས། དཔེ་ཀློག་ཀྲུང་གོའི་འཛུགས་སྐྱོང་ལ་བརྟེན་ནས་རིག་གནས་སྟོབས་ཆེའི་རྒྱལ་ཁབ་འཛུགས་སྐྱོང་ལ་སྐུལ་འདེད་བཏང་ནས། རྒྱང་སྐྱོད་གསར་པའི་ལམ་བུར་འབད་པས་སྐྱོད་པ་དང་། དུས་རབས་གསར་པར་བྱས་རྗེས་གསར་པ་འཇོག་རྒྱུའི་ཆེད་བསམ་པའི་སྟོབས་ཤུགས་ཆེན་པོ་ཞིག་སྣོན་དགོས་ཞེས་གསུངས་འདུག
          སྐབས་དང་པོའི་དམངས་ཡོངས་ཀྱི་དཔེ་ཀློག་ཚོགས་ཆེན་དེ་ཀྲུང་དབྱང་དྲིལ་བསྒྲགས་པུའུ་(རྒྱལ་ཁབ་གསར་འགྱུར་དཔེ་སྐྲུན་ཧྲུའུ།)དང་། པེ་ཅིང་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་། པེ་ཅིང་གྲོང་ཁྱེར་སྲིད་གཞུང་བཅས་ནས་མཛུབ་ཁྲིད་མཛད་པ་དང་། ཀྲུང་དབྱང་དྲིལ་བསྒྲགས་པུའུ་དཔེ་སྐྲུན་ཅུས་དང་པེ་ཅིང་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་དྲིལ་བསྒྲགས་པུའུ་ནས་གཙོ་གཉེར་བྱས་ཡོད་པ་རེད། བརྗོད་དོན་གཙོ་བོ་ནི་དུས་རབས་གསར་པར་དཔེ་ཀློག་བྱེད། རྒྱང་སྐྱོད་གསར་པ་འབད་པས་བྱེད་ཅེས་པ་དེ་རེད། བྱེད་སྒོ་དེའི་ནང་གླེང་སྟེགས་དང་། འགྲེམ་སྟོན། ཁྱབ་བསྒྲགས། བརྗོད་གཙོའི་བྱེད་སྒོ་སོགས་བྱེད་སྒོ་རབ་དང་རིམ་པ་ཡོད་པ་རེད། འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་དང་། དཔེ་སྐྲུན་འགྲེམ་སྤེལ་ཚན་པ་དང་སྤྱི་ཚོགས་སྒྲིག་འཛུགས་ཀྱི་འཐུས་མི། རིགས་གཅིག་མཁས་པ་དང་རིག་གནས་པ། རྩོམ་པ་པོ་དང་ཀློག་པ་པོའི་འཐུས་མི་སོགས་ཚོགས་ཆེན་ལ་ཞུགས་ཡོད་པ་རེད།
རྩོམ་སྒྲིག་པ། བསྟན་ཆོས།