ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་གལ་ཆེན།

ཞི་ཅིན་ཕིང་གིས་ཏང་ཕྱིའི་མི་སྣ་དང་ལྷན་དུ་དཔྱིད་གསར་ལ་བསུ་བ་ཞུས་པ།

སྤེལ་དུས 2024-02-12 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།

            ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་དུས་ཆེན་ཤིང་འབྲུག་ལོའི་དཔྱིད་གསར་དུས་ཆེན་འཆར་ལ་ཉེ་བའི་མཚམས་འདིར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་7ཉིན་གྱི་ཕྱི་དྲོ་མི་དམངས་ཚོགས་ཁང་ཆེན་མོར། དམངས་གཙོ་ཏང་ཤོག་ཁག་གི་ཀྲུང་དབྱང་དང་། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་ཁུར་བ། ཏང་ཤོག་གང་ལ་ཡང་མི་གཏོགས་པའི་མི་སྣའི་འཐུས་མི་བཅས་དང་ལྷན་དུ་འཛོམས་ནས་དུས་ཆེན་ལ་བསུ་བ་ཞུས་པ་རེད། ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་གི་ཚབ་ཞུས་ནས་དམངས་གཙོ་ཏང་ཤོག་ཁག་དང་། བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཤོག་གང་ལ་ཡང་མི་གཏོགས་པའི་མི་སྣ་བཅས་དང་། འཐབ་ཕྱོགས་གཅིག་གྱུར་གྱི་རྒྱ་ཆེའི་ཁོངས་མིར་ལྷག་བསམ་དག་པའི་འཚམས་འདྲི་དང་དཔྱིད་གསར་གྱི་སྨོན་འདུན་ཞུས་གནང་བ་རེད།

            ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་གཞུང་ལས་ཐིང་གི་ཀྲུའུ་རེན་ཚའེ་ཆི། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏིང་ཞུའེ་ཞང་བཅས་བྱེད་སྒོར་ཞུགས་ཡོད།

            ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་ཀྲུང་དབྱང་གི་ཀྲུའུ་ཞི་ཀྲེན་ཅན་པང་དང་། ཀྲུང་གོ་དམངས་གཙོ་མནའ་འབྲེལ་ཚོགས་པའི་ཀྲུང་དབྱང་གི་ཀྲུའུ་ཞི་ཏིང་ཀྲུང་ལི། ཀྲུང་གོ་དམངས་གཙོ་རྒྱལ་འཛུགས་ལྷན་ཚོགས་ཀྲུང་དབྱང་གི་ཀྲུའུ་ཞི་ཧའོ་མིང་ཅིན། ཀྲུང་གོ་དམངས་གཙོ་ཡར་སྐུལ་ལྷན་ཚོགས་ཀྲུང་དབྱང་གི་ཀྲུའུ་ཞི་ཚའེ་ཏ་ཧྥེང་། ཀྲུང་གོ་བཟོ་ཞིང་ཏང་ཀྲུང་དབྱང་གི་ཀྲུའུ་ཞི་ཧོ་ཝུའེ། ཀྲི་ཀུང་ཏང་ཀྲུང་དབྱང་གི་ཀྲུའུ་ཞི་ཅང་ཙུའོ་ཅུན། དགུ་གསུམ་སློབ་ཚོགས་ཀྲུང་དབྱང་གི་ཀྲུའུ་ཞི་ཝུའུ་ཝུའེ་ཧྭ། ཐའེ་ཝན་དམངས་གཙོ་རང་སྐྱོང་མནའ་མཐུན་ཀྲུང་དབྱང་གི་ཀྲུའུ་ཞི་སུའུ་ཧུའེ། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཀའོ་ཡུན་ལུང་དང་ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི་ཐའོ་ཀྲི་སོགས་གདན་ཞུས་ལྟར་བྱེད་སྒོར་ཕེབས་ཡོད་པ་རེད། གདན་ཞུས་ལྟར་ཕེབས་མཁན་གྲས་སུ་ད་དུང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧོ་ཧོའུ་ཧྭ་དང་ལེའང་ཀྲེན་དབྱིང་དང་། འགོ་ཁྲིད་ལས་གནས་ནས་ཕྱིར་འཐེན་བྱས་ཟིན་པའི་དམངས་གཙོ་ཏང་ཤོག་ཁག་གི་ཀྲུང་དབྱང་དང་། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་དེ་སྔའི་ཀྲུའུ་ཞི་དང་། ཀྲུའུ་ཞི་གཞོན་པ་དང་པོ། རྒྱུན་ལས་ཀྲུའུ་ཞི་གཞོན་པ་བཅས་ཡོད་པ་རེད།

            ཧའོ་མིང་ཅིན་གྱིས་དམངས་གཙོ་ཏང་ཤོག་ཁག་གི་ཀྲུང་དབྱང་དང་། རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས། ཏང་ཤོག་གང་ལ་ཡང་མི་གཏོགས་པའི་མི་སྣ་བཅས་ཀྱི་ཚབ་ཞུས་ནས་ཤིས་ཚིག་བསྒྲོན་པ་རེད། ཁོང་གིས། འདས་མ་ཐག་པའི་2023ལོར་ཛ་དྲག་དང་རྙོག་འཛིང་ཆེ་བའི་དུས་བབ་དང་དཀའ་ཚེགས་དང་འགྲན་རྩོད་སྣ་ཚོགས་ཀྱི་མདུན་དུ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གུང་ཀྲུང་དབྱང་གིས་གཟིགས་རྒྱང་རིང་བ་དང་ཁྱོན་ཡོངས་ལ་སྟངས་འཛིན་གནང་བ་དང་། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་གནང་སྟེ་དཀའ་བར་མི་འཛེམ་པར་མདུན་སྐྱོད་དང་གནོན་ཤུགས་བཟོད་ནས་འབད་འཐབ། འབད་འབུངས་ཡར་བརྩོན་དང་ཞུམ་མེད་མདུན་སྐྱོད་བཅས་བྱས་པས། ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱིས་གོམ་སྟབས་བརྟན་པོ་ཞིག་སྤོ་ཐུབ་ཡོད་པ་དང་། དུས་རབས་གསར་པར་ཀྲུང་གོའི་རྣམ་པ་གསར་པ་གཏོད་པ། རླབས་ཆེན་གྱི་ཕུགས་འདུན་གོམ་བགྲོད་རེ་རེ་བཞིན་མངོན་འགྱུར་དང་ཐག་ཇེ་ཉེར་ཕྱིན་ཡོད། ལོ་གསར་པའི་ནང་། དམངས་གཙོ་ཏང་ཤོག་ཁག་དང་། བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཤོག་གང་ལ་ཡང་མི་གཏོགས་པའི་མི་སྣ་བཅས་ཀྱིས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གུང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་བས་དམ་ཟབ་བྱས་ཏེ། བློ་གཅིག་སེམས་གཅིག་དང་མཐུན་སྒྲིལ་འབད་འཐབ་བྱས་ནས། རྒྱལ་ཁབ་སྟོབས་ཆེར་གཏོང་བ་དང་མི་རིགས་བསྐྱར་དར་ཡོང་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་ཞེས་བསྟན་ཡོད།

        ཧའོ་མིང་ཅིན་གྱི་ཤིས་ཚིག་ལ་གསན་རྗེས་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བ་རེད། ཁོང་གིས། 2023ལོ་ནི་ཆེས་སྤྱིར་བཏང་མ་ཡིན་པའི་ལོ་ཞིག་རེད། ལོ་གཅིག་རིང་། ཀྲུང་གུང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། ཀྲུང་གུང་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བསྟར་བ་དང་། བརྟན་པོའི་ངང་ཡར་རྒྱས་བརྩོན་ལེན་བྱེད་པའི་ལས་ཀའི་སྤྱིའི་བྱེད་ཕྱོགས་མཐའ་འཁྱོངས། ཕྱི་ཕྱོགས་ཀྱི་གནོན་ཤུགས་ཐེག་པར་བྱེད་པ། ནང་ཁུལ་གྱི་དཀའ་ངལ་ཁྱད་བསད་བྱེད་པ། དཔལ་འབྱོར་སླར་གསོ་དང་འཕེལ་རྒྱས་ཡོང་བར་ནུས་ཤུགས་གང་ཡོད་བཏོན་ནས་སྐུལ་འདེད་བཏང་བ་བཅས་བྱས་པས། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་སྔོན་དཔག་དམིགས་འབེན་གཙོ་བོ་ལེགས་འགྲུབ་བྱུང་བ་དང་། འགོ་ཡག་པོ་ཚུགས་པ་དང་བཀྲག་མདངས་འཚེར་ས་མང་པོ་ཐོན་ཡོད། ང་ཚོས་དམིགས་ས་ཡོད་པའི་སྒོ་ནས་དཀའ་གནད་སེལ་བ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་བཏང་བ། རང་རྒྱལ་གྱི་དཔལ་འབྱོར་སྤྱིའི་ཆ་ནས་བསྐྱར་འཕར་དང་ལེགས་སུ་འགྲོ་བར་སྐུལ་འདེད་བཏང་བ་བཅས་བྱས་པས། ལོ་ཧྲིལ་པོའི་དཔལ་འབྱོར་སྤྱི་འབོར་སྒོར་དུང་ཕྱུར་ཁྲི་126ལས་བརྒལ་བ་དང་། ལས་ཞུགས་དང་ཟོག་གོང་སྤྱིའི་ཆ་ནས་བརྟན་པོ་བྱུང་ཡོད། ང་ཚོས་རྣམ་པ་གསར་པའི་རྒྱལ་ཡོངས་མཉམ་ཤུགས་སྒྲིལ་བའི་སྒྲིག་གཞི་གང་མགྱོགས་འཐུས་སྒོ་ཚང་དུ་བཏང་བ་དང་། ཚན་རྩལ་གསར་གཏོད་ཐད་འགག་སྒྲོལ་གསར་པ་བྱུང་བ། སྤུས་གསར་ཐོན་སྐྱེད་ནུས་ཤུགས་གོང་འཕེལ་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཡོད། རང་རྒྱལ་གྱིསརྒྱུད་གཅིག་ལམ་གཅིགགི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གསུམ་པ་དང་། ཀྲུང་གོ་དང་ཨ་ཤེ་ཡ་དབུས་མའི་དབུ་ཚོགས་རྒྱལ་ཁའི་ངང་ངང་གཉེར་བ། འབོ་གསེར་རྒྱལ་ཁབ་ཀྱི་ཁོངས་གཏོགས་རྒྱལ་ཁབ་མང་དུ་གཏོང་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་པས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་ཆེ་མོའི་ཕྱི་འབྲེལ་གྱི་ཤུགས་རྐྱེན་ནུས་པ་དང་། འབོད་སྐུལ་ནུས་པ། གསར་གཏོད་ནུས་པ་བཅས་སྔར་བས་ཆེ་རུ་ཕྱིན་ཡོད། ང་ཚོས་ཧྭ་བྱང་དང་། བྱང་ཤར་གྱི་ཆུ་ལོག་དང་ཞོད་སྐྱོན་དང་། ཀན་སུའུ་དང་མཚོ་སྔོན་གྱི་ས་ཡོམ། དེ་བཞིན་ཤིན་ཅང་གི་ས་ཡོམ་སོགས་རང་བྱུང་གནོད་འཚེ་ཆེ་བ་མང་པོར་ཁ་གཏད་ནུས་ལྡན་བཅག་པ་དང་། ཁྲེང་ཏུའི་སློབ་གྲྭ་ཆེ་མོ་བའི་ལུས་རྩལ་འགྲན་ཚོགས་དང་ཧང་ཀྲོའུ་ཨ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ལེགས་པར་གཉེར་ཞིང་། རང་རྒྱལ་གྱི་ལུས་རྩལ་པ་ཚོས་སླར་ཡང་གཟེངས་སུ་ཐོན་པའི་གྲུབ་འབྲས་བཏོད་ཡོད། གྲུབ་འབྲས་དེ་དག་ཐོབ་པ་ནི་ཀྲུང་གོ་གུང་ཁྲན་ཏང་གིས་སྲ་ཞིང་བརྟན་པའི་འགོ་ཁྲིད་གནང་བའི་འབྲས་བུ་རེད་ལ། དམངས་གཙོ་ཏང་ཤོག་ཁག་དང་། བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས། ཏང་ཤོག་གང་ལ་ཡང་མ་གཏོགས་པའི་མི་སྣ་ཚུད་པའི་སྤྱི་ཚོགས་ཧྲིལ་པོའི་ཕྱོགས་ཁག་ཚང་མས་དཀའ་སྤྱད་འབད་འབུངས་དང་ཐུན་མོང་ཐོག་འབད་འཐབ་གནང་བའི་འབྲས་བུ་ཡང་རེད་ཅེས་བསྟན་གནང་ཡོད།

            ཞི་ཅིན་ཕིང་གིས། འདས་ཟིན་པའི་ལོ་གཅིག་ནང་། དམངས་གཙོ་ཏང་ཤོག་ཁག་དང་ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣས་དུས་རབས་གསར་པའི་ཀྲུངགོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཀྲུང་གུང་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་ལག་ལེན་གཏིང་ཟབ་བསྟར་བ་དང་། མི་སེམས་གཅིག་སྒྲིལ་གྱིས་བླ་སྲོག་བརྟན་གཏོང་དང་། མཐུན་སྒྲིལ་ཡར་བརྩོན་གྱིས་རྒྱང་སྐྱོད་གསར་པར་སྐྱོད་ཅེས་པའི་བརྗོད་གཙོའི་སློབ་གསོར་སྐུལ་འདེད་གཏིང་ཟབ་བཏང་བ། ཀྲུང་གུང་ཀྲུང་དབྱང་གིསལྔ་གཅིག་འབོད་ཚིགཁྱབ་བསྒྲགས་བྱས་ནས་ལོ་ངོ་75འཁོར་བར་དྲན་གསོ་ཞུ་བའི་གོ་སྐབས་དམ་འཛིན་བྱས་བྱས་པ། ཆབ་སྲིད་རྩིས་སྤྲོད་རྩིས་ལེན་གཏིང་ཟབ་ཏུ་བཏང་བ་བཅས་ཀྱིས། ཏང་མང་མཉམ་ལས་ཀྱི་དགོངས་པའི་ཆབ་སྲིད་ཀྱི་ཐུན་མོང་ངོས་འཛིན་རྒྱུན་ཆད་མེད་པར་ཟབ་ཏུ་བཏང་ཡོད། ཚང་མས་ལྟེ་བར་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཀྲུང་གོའི་རྣམ་པའི་དེང་རབས་ཅན་གོང་འཕེལ་ཁྲོད་ཀྱི་གཙོ་གནད་དང་དཀའ་གནད་ལ་དམིགས་ནས་ཐབས་འདོན་ཇུས་འབུལ་བྱས་པས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ལ་ཞབས་འདེགས་ཞུ་བའི་ཐད་གྲུབ་འབྲས་གསར་པ་ཐོབ་ཡོད། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་འབྲེལ་ཡོད་སྡེ་ཚན་དང་ས་གནས་ལ་གཞོགས་འདེགས་ཧུར་ཐག་བྱས་ཏེ་དམངས་གཉེར་དཔལ་འབྱོར་སྤུས་མཐོའི་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་སྲིད་ཇུས་དོན་འཁྱོལ་བྱས་པ་དང་། སྤྱི་ལ་དབང་བ་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་སྐྱོན་བྲལ་ངང་གོང་འཕེལ་དང་སྤྱི་ལ་དབང་བ་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་མི་སྣ་སྐྱོན་བྲལ་ངང་སྟོབས་ཇེ་ཆེར་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་ལས་དོན་འབོར་ཆེན་བསྒྲུབས་ཡོད་ཅེས་བསྟན་གནང་བ་དང་། ཁོང་གིས་ཀྲུང་གུང་ཀྲུང་དབྱང་གི་ཚབ་ཞུས་ནས་ཚང་མར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་གནང་ཡོད།

            ཞི་ཅིན་ཕིང་གིས། 2024ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་75འཁོར་བ་དང་། ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པའིདམིགས་ཚད་ལས་འགན་མངོན་འགྱུར་ཡོང་བ་བྱེད་པའི་འགག་རྩའི་ལོ་ཞིག་རེད། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་སྤྱིའི་བྱེད་ཕྱོགས་རྒྱུན་འཁྱོངས་ཀྱིས་བརྟན་ཐོག་ཡར་འཕེལ་དང་། ཡར་འཕེལ་གྱིས་བརྟན་པོར་སྐུལ་འདེད། སྔོན་འཛུགས་རྗེས་གཏོར་བཅས་ཀྱི་བླང་བྱ་ལག་ལེན་བསྟར་བ་དང་། དཔལ་འབྱོར་བསྐྱར་འཕར་ལེགས་ཕྱོགས་སུ་སྐྱོད་པའི་རྣམ་པ་མུ་མཐུད་སྲ་བརྟན་དང་ཤུགས་ཆེར་གཏོང་བ། དཔལ་འབྱོར་གྱི་སྤུས་ཚད་མཐོ་རུ་ནུས་ལྡན་དང་གྲངས་འབོར་ལུགས་མཐུན་ངང་འཕར་རྒྱུར་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བ། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས། དམངས་གཙོ་ཏང་ཤོག་ཁག་དང་། བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ཀྱིས་ཀྲུང་གུང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལ་གོ་བ་ནན་ཏན་བླངས་ནས་བརྟག་དཔྱད་ཞིབ་འཇུག་དང་། གྲོས་མོལ་སྲིད་གླེང་། དམངས་གཙོའི་ལྟ་སྐུལ། རང་ངོས་འཛུགས་སྐྱོང་སོགས་ཀྱི་ཐད་མུ་མཐུད་འབད་བརྩོན་བྱས་ཐོག ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་ཞེས་ནན་སྟོན་གནང་ཡོད།

            ཞི་ཅིན་ཕིང་གིས་དམངས་གཙོ་ཏང་ཤོག་ཁག་དང་། བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ལ་ཐུགས་རེ་གསུམ་བཏོན་གནང་བ་སྟེ། གཅིག་ནས་ལམ་ལུགས་ཀྱི་བློ་སྤོབས་བརྟན་དུ་གཏོང་བ་དང་། ཀྲུང་གོའི་རྣམ་པ་གསར་པའི་སྲིད་ཏང་ལམ་ལུགས་རྒྱུན་འཁྱོངས་ཡག་པོ་དང་། གོང་འཕེལ་ཡག་པོ། འཐུས་ཚང་ཡག་པོ་བཅས་ཡོང་བར་བྱེད་དགོས། སྲིད་ཏང་གི་གྲོས་མོལ་སྤུས་ཚད་མཐོ་རུ་ཏན་ཏིག་གཏོང་བ་དང་། སྲིད་གླེང་ཇུས་འབུལ་གྱི་ལམ་སྲོལ་ཟམ་མི་ཆད་པར་འཐུས་ཚང་དུ་གཏོང་བ། གོ་རིམ་ལྡན་པའི་ངང་དམངས་གཙོའི་ལྟ་སྐུལ་བྱེད་པ། བཟང་ཆ་ལྡན་པའི་ནུས་པ་འདོན་སྤེལ་བྱེད་པའི་ལས་སྟེགས་དང་གཞི་རྟེན་རྒྱ་ཆེར་གཏོང་བ། ཀྲུང་གོའི་རྣམ་པ་གསར་པའི་སྲིད་ཏང་ལམ་ལུགས་ཀྱི་ནུས་ཕྱོད་ཆེ་རུ་གཏོང་བ་བཅས་བྱེད་དགོས། གཉིས་ནས་ངོས་འཛིན་གཅིག་མཐུན་རྒྱ་ཁྱབ་ངང་གཅིག་ཏུ་བསྡུས་ནས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུར་རམ་འདེགས་བྱེད་དགོས། ཀྲུང་གུང་ཚོགས་ཆེན་ཉི་ཤུ་པའི་ཐོག་བཏོན་པའི་འཐབ་ཇུས་ཀྱི་ལས་འགན་གལ་ཆེན་དང་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་གྲོས་ཚོགས་ཀྱི་བཀོད་སྒྲིག་ལ་དམིགས་ནས་མུ་མཐུད་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱེད་པ་དང་། དེ་བས་དམིགས་སའི་རང་བཞིན་ཡོད་པའི་སྒོ་ནས་ཐབས་འདོན་ཇུས་འབུལ་བྱ་དགོས། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་དམངས་གཉེར་དཔལ་འབྱོར་མི་སྣའི་གོང་འཕེལ་གྱི་སེམས་ཤུགས་བརྟན་དུ་འགྲོ་རྒྱུར་ཁྲིད་སྟོན་བྱེད་པ་དང་། ཐུན་མོང་ཐོག་ཀྲུང་གོའི་དཔལ་འབྱོར་གྱི་འོད་སྣང་རྣམ་བཤད་དར་སྤེལ་གཏོང་དགོས། གསུམ་ནས་ཆབ་སྲིད་ཀྱི་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་བཏང་ནས། རང་ངོས་འཛུགས་སྐྱོང་གི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས། ལས་འགན་ཨང་དང་པོ་ནི་བསམ་བློ་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས། ཆབ་སྲིད་ཀྱི་ཁ་ཕྱོགས་བརྟན་པོ་ཡོང་བར་བྱེད་པ་དང་། ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་པའི་བསམ་བློ་ཆབ་སྲིད་ཀྱི་རྨང་གཞི་བརྟན་དུ་གཏོང་རྒྱུ་དེ་ཡིན། སྤྱོད་གཙང་འཛུགས་སྐྱོང་དང་། འགོ་ཁྲིད་ཚན་པ་འཛུགས་སྐྱོང་། རྩ་འཛུགས་འཛུགས་སྐྱོང་བཅས་ལ་ཤུགས་སྣོན་བརྒྱབ་ནས། བསམ་བློའི་སྤྱོད་ཚུལ་དང་ལས་ཀའི་སྤྱོད་ཚུལ་ལེགས་སུ་ཏན་ཏིག་གཏོང་བ་དང་། འགན་འཁྲི་སྒྲུབ་ནུས་དང་ཆུ་ཚད་བརྟན་པོའི་ངང་མཐོ་རུ་གཏོང་དགོས་པ་བཅས་ཡིན།

            བཞུགས་མོལ་གནང་གྲུབ་རྗེས། ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པས་དམངས་གཙོ་ཏང་ཤོག་ཁག་གི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་བ་གསར་རྙིང་དང་ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི་སོགས་དང་ལྷན་དུ་དྲན་རྟེན་སྐུ་པར་བསྐྱོན་ཡོད།

        ཀྲུང་དབྱང་གི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་བྱེད་སྒོར་ཞུགས་ཡོད།


རྩོམ་སྒྲིག་པ། རིག་གྲོལ།