ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་གལ་ཆེན།

ཞི་ཅིན་ཕིང་དང་ཀང་གོའི་ཙུང་ཐུང་ས་སུའུ་ཡིས་ཀྲུང་ཀང་ཕྱི་འབྲེལ་བཙུགས་ནས་ལོ་འཁོར60ལོན་པར་ཕན་ཚུན་ལ་རྟེན་འབྲེལ་གློག་འཕྲིན་བཏང་།

སྤེལ་དུས 2024-02-25 ཡོང་ཁུངས། རྩོམ་པ་པོ།

            ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ2པའི་ཚེས22ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཀང་གོའི་ཙུང་ཐུང་ས་སུའུ་ཡིས་ཕན་ཚུན་ལ་རྟེན་འབྲེལ་གློག་འཕྲིན་བཏང་ནས། རྒྱལ་ཁབ་གཉིས་བར་ཕྱི་འབྲེལ་བཙུགས་ནས་ལོ་འཁོར60ལོན་པར་རྟེན་འབྲེལ་ཞུས།

            ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་ཀང་མཛའ་བརྩེའི་ལོ་རྒྱུས་ཡུན་རིང་ལ་སྲ་ཞིང་བརྟན་པ་ཡིན། ཕྱི་འབྲེལ་བཙུགས་པའི་ལོ་ངོ60རིང་། རྒྱལ་སྤྱིའི་གནས་བབ་ཅི་འདྲའི་རྙོག་འཛིང་ཆེ་ན་ཡང་། རྒྱལ་ཁབ་གཉིས་བར་ཐོག་མཐའ་བར་གསུམ་དུ་ལྷམ་བསམ་མཉམ་ལས་དང་མཉམ་འབྲེལ་འཕེལ་རྒྱས་བྱས་ནས་ཆབ་སྲིད་སྲིད་སྟེང་ཕན་ཚུན་ལ་ཡིད་རྟོན་རུང་བའི་གྲོགས་པོ་བཟང་པོ་ཡིན་ལ། དཔལ་འབྱོར་སྟེང་མཉམ་ལས་མཉམ་རྒྱལ་གྱི་རོགས་ཟླ་བཟང་པོ་ཡིན། ཉེ་བའི་ལོ་འགའི་རིང་། རྒྱལ་ཁབ་གཉིས་བར་འགྲོ་འོང་ཇེ་མང་དུ་སོང་ནས། ཆབ་སྲིད་ཡིད་རྟོན་རྒྱུན་མཐུད་ངང་གཏིང་ཟབ་དུ་ཕྱིན་ལ། དངོས་བརྩོན་མཉམ་ལས་ལ་འཕེལ་རྒྱས་ཆེན་པོ་བྱུང་བས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་དོན་དངོས་ཀྱི་བདེ་སྐྱིད་མང་པོ་བསྐྲུན་ཞིང་། དེ་ནི་ཀྲུང་ཧྥེའི་མཛའ་བརྩེ་མཉམ་ལས་དགོངས་པའི་གསོན་ཉམས་ལྡན་པའི་དཔེ་མཚོན་དུ་གྱུར་ཡོད། ངས་ཀྲུང་ཀང་འབྲེལ་བའི་འཕེལ་རྒྱས་ལ་མཐོང་ཆེན་བྱེད་བཞིན་ཡོད་པས། ཙུང་ཐུང་ས་སུའུ་དང་མཉམ་དུ་འབད་བརྩོན་བྱས་ནས། རྒྱལ་ཁབ་གཉིས་བར་ཕྱི་འབྲེལ་བཙུགས་ནས་ལོ་འཁོར60ལོན་པ་མགོ་རྩོམ་ས་གསར་བ་བྱས་ཏེ། མུ་མཐུད་དུ་ཀྲུང་ཀང་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བའི་ནང་དོན་ཕུན་ཚོགས་སུ་བསྒྱུར་བ་དང་། ལག་གདང་མཉམ་འབྲེལ་སྒོས་ཆུ་ཚད་མཐོ་བའི་ཀྲུང་ཧྥེའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་བྱེད་འདོད་ཡོད།

            ས་སུའུ་ཡིས་བསྟན་དོན། ཀང་ཀྲུང་ཕྱི་འབྲེལ་བཙུགས་ནས་ལོ་ངོ60རིང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱིས་ཐོག་མཐའ་བར་གསུམ་དུ་མཐུན་སྒྲིལ་མཛའ་བརྩེ་རྒྱུན་འཁྱོངས་བྱས་ཏེ། ཞི་བདེ་དང་དྲང་བདེན། དར་རྒྱས་ཐད་ཀྱི་ཐུན་མོང་འབད་བརྩོན་སྲུང་འཛིན་བྱས་ནས། ཀང་ཀྲུང་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་མགྱོགས་མྱུར་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་། ཕྱོགས་གཉིས་ཀྱིས་ཕན་ཚུན་ཡིད་རྟོན་དང་གཉིས་ཕན་མཉམ་རྒྱལ་གྱི་རྨང་གཞིའི་སྟེང་མཉམ་ལས་རྒྱ་ཆེར་སྤེལ་ནས། གྲུབ་འབྲས་ཕུན་སུམ་ཚོགས་པ་བླངས་ཡོད། ངས་ཀང་ཀྲུང་མཛའ་བརྩེའི་མཉམ་ལས་འབྲེལ་བ་གཏིང་ཟབ་དང་གཏན་འཇགས་སུ་གཏོང་བར་འབད་བརྩོན་བྱས་ཏེ། ཆུ་ཚད་མཐོ་བའི་ཀྲུང་ཧྥེའི་ལས་དབང་གཅིག་མཐུན་ཚོགས་པར་འཛུགས་པའི་ཐད་དགེ་མཚན་ལྡན་པའི་བྱས་རྗེས་འཇོག་འདོད་ཡོད། །

རྩོམ་སྒྲིག་པ། རིག་གྲོལ།