ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > གྱོད་ལྟར་ཁྲིམས་གླེང་།

ཟི་ལིང་དུ་རྐུན་མ་ཞིག་བཟུང་། གྱོད་འབྲེལ་དངུལ་འབོར་སྒོར་ཁྲི30ཟིན།

སྤེལ་དུས 2022-09-19 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
     ཉེ་ཆར། ཟི་ལིང་མཁར་ནུབ་སྤྱི་བདེ་ཡན་ལག་ཅུས་ཉེས་དོན་ཉེན་རྟོག་རུ་ཆེན་གྱིས་མྱུལ་ཞིབ་ཚགས་ཚུད་པོ་བྱས་པ་དང་བསྟུད་མར་འབད་འཐབ་བྱས་ནས་གྱོད་འབྲེལ་དངུལ་འབོར་སྒོར་ཁྲི་30ལྷག་ཟིན་པའི་གློག་སྐས་ཀྱི་གློག་ཀླད་གཙོ་གདན་བརྐུས་པའི་མུ་འབྲེལ་གྱོད་གཞི་ཞིག་རྩད་ཆོད་ཡོད་པ་དང་། ཉེས་གསོག་དོགས་ཡོད་པ་གཅིག་འཛིན་བཟུང་བྱས་འདུག
གྱོད་གཞི་ཡང་སེ་ཐོན། དཀའ་གནད་ཤུགས་ཀྱིས་བསྒྲོལ།
     2022ལོའི་ཟླ་7པ་ནས་བཟུང་། མཁར་ནུབ་ཁུལ་གྱི་གྲོང་ཁུལ་ནང་གློག་སྐས་ཀྱི་གློག་ཀླད་གཙོ་གདན་བརྐུས་པའི་གྱོད་གཞི་མང་དག་ཅིག་ཐོན་ཡོད། གྱོད་གཞི་འདི་དག་གི་ཁྲོད་དུ། ཁྲིམས་འགལ་མི་སྣའི་དམིགས་ས་ནི་གློག་སྐས་ཀྱི་གློག་ཀླད་གཙོ་གདན་དེ་ཡིན་ཏེ། དངོས་པོ་དེ་ཆུང་ཆུང་ཡིན་ཡང་དེའི་རིན་ཐང་ཆེ་ཞིང་། རྐུ་ལ་ཤོར་རྗེས་གྲོང་མི་རྣམས་ཀྱི་འགྲོ་སྐྱོད་ལ་སྟབས་མི་བདེ་བ་བཟོ་བས་ཤུགས་རྐྱེན་ཅུང་ཆེན་པོ་ཐེབས་ཡོད།
     མཁར་ནུབ་སྤྱི་བདེ་ཡན་ལག་ཅུས་ཉེས་དོན་ཉེན་རྟོག་རུ་ཆེན་གྱིས་ཚད་མཐོའི་མཐོང་ཆེན་བྱས་ནས། འཕྲལ་དུ་ཉེན་རྟོག་པ་འཇོན་ཐང་ཅན་ཁག་གཅིག་སྒྲིག་འཛུགས་བྱས་ཏེ་ནུས་ཤུགས་ཡོད་རྒུས་མྱུལ་ཞིབ་བྱས། ནན་ཏན་ངང་བརྡར་ཤ་བཅད་ཅིང་འདྲ་གཤིབ་བསྣོལ་བསྡུར་བྱས་པ་བརྒྱུད། གྱོད་སྒྲུབ་ཉེན་རྟོག་པས་གྱོད་གཞི་དེ་དག་གི་ཉེས་གསོག་བྱེད་ཐབས་འདྲ་མཚུངས་ཡིན་པ་རྟོགས་ཤིང་། ཉེས་གསོག་དོགས་ཡོད་པ་ཡང་གཅིག་པ་ཡིན་པ་སྤྱིའི་ཆ་ནས་གཏན་ཁེལ་ཐུབ་ཡོད། ཡིན་ནའང་མྱུལ་ཞིབ་བྱེད་སྐབས། མི་དམངས་ཉེན་རྟོག་པས་ཉེས་གསོག་དོགས་ཡོད་པར་མྱུལ་ཞིབ་ལ་རྒོལ་བའི་འདུ་ཤེས་ཅུང་ཆེན་པོ་ཡོད་པ་རྟོགས་ཡོད་དེ། གང་དེས་ཉེས་གསོག་བྱ་སྤྱོད་སྤེལ་བའི་དུས་ཚོད་ཚང་མ་ཐོ་རེངས་ཡིན་པ་དང་། བརྐུས་ནས་བྲོས་འགྲོ་བའི་ལམ་ཐིག་འཆར་འགོད་ཞིབ་ཚགས་བྱས་ཏེ་རང་ཉིད་གར་འགྲོའི་རྗེས་ཤུལ་མི་མངོན་པ་བྱས་པ་སོགས་ཀྱིས་གྱོད་གཞི་མྱུལ་ཞིབ་བྱེད་པར་འགོག་རྐྱེན་ངེས་ཅན་ཞིག་བཟོས་ཡོད་པ་རེད།

འཕྲལ་དུ་ཕར་རྒོལ་བྱས། ཉེས་ཅན་ཁྲིམས་རྒྱར་ཚུད།
     དཀའ་ངལ་འཕྲད་ཀྱང་མདུན་དུ་སྐྱོད། གྲུབ་འབྲས་མི་ཐོབ་ཅི་ལ་སྲིད། གྱོད་སྒྲུབ་མི་དམངས་ཉེན་རྟོག་པས་དཀའ་སེལ་འགག་གཏོར་དང་འགན་འཁྲི་ཕྲག་འཁུར་གྱི“ཉེས་དོན་ཉེན་རྟོག་པའི་སྙིང་སྟོབས”དར་སྤེལ་གང་ལེགས་བྱས་ཏེ། དཀའ་སྤྱད་འབད་འཐབ་དང་མྱུལ་ཞིབ་ཚགས་ཚུད་པོ་བྱས་ཐོག ཡན་ལག་ཅུས་ཀྱི་འབྲེལ་ཡོད་འགན་སྒྲུབ་ལས་ཁུངས་དང་མཉམ་སྡེབ་དཔུང་སྐྱོད་དམ་མཉམ་ལས་དམ་ཟབ་བྱས་པས། ཉིན་བཅུ་གྲངས་ཀྱི་འབད་བརྩོན་བརྒྱུད་རྐུན་མ་སུ་ཡིན་གཏན་ཁེལ་ཐུབ་ཡོད།
     ཟླ་9པའི་ཚེས་14ཉིན་གྱི་ཆུ་ཚོད་22ཐོག ཉིན་གཉིས་ལ་ཉིན་མཚན་དབྱེར་མེད་དུ་ངང་སྒུག་བྱས་མཐར། མི་དམངས་ཉེན་རྟོག་པས་ཉེས་གསོག་དོགས་ཡོད་པ་ལིའུ་ཆེ་གེ་མོ་འཛིན་བཟུང་ཐུབ་ཡོད།
     རྟོག་ཞིབ་བྱས་པ་བརྒྱུད། 2022ལོའི་ཟླ་7པ་ནས་བཟུང་། ལིའུ་ཆེ་གེ་མོས་མཁར་ནུབ་ཁུལ་དུ་སྔ་རྗེས་སུ་ཐེངས་མང་པོར་ཉེས་བསགས་བྱ་སྤྱོད་སྤེལ་མྱོང་ཞིང་། གྱོད་འབྲེལ་དངུལ་འབོར་སྒོར་ཁྲི་30ལྷག་ཟིན་ཡོད།  འདྲི་རྩད་བྱས་པ་བརྒྱུད། ལིའུ་ཆེ་གེ་མོས་གློག་སྐས་ཀྱི་གློག་ཀླད་གཙོ་གདན་མང་པོ་བརྐུས་པའི་ཉེས་བསགས་དོན་དངོས་སྦ་གསང་མེད་པར་ངོས་ལེན་ཞུས་འདུག  མིག་སྔར། གྱོད་གཞི་དེར་མུ་མཐུད་དུ་མྱུལ་ཞིབ་བྱེད་བཞིན་ཡོད་པ་རེད།
རྩོམ་སྒྲིག་པ། བདེ་སྒྲོན།