ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > གྱོད་ལྟར་ཁྲིམས་གླེང་།

ཉེ་ཆར། བོད་ཀྱི་གྱོད་གཞི་ཚབས་ཆེན་ཞིག་ཁྱབ་བསྒྲགས་བྱས་པ།

སྤེལ་དུས 2023-11-01 ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར། རྩོམ་པ་པོ།

             ཉེ་ཆར། ལྷ་ས་གྲོང་ཁྱེར་རིག་གནས་ཁྲོམ་ར་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་སྒྱུར་རུ་ཁག་གིས་རྩད་ཆོད་པའི“བོད་ཀྱི་དཔེ་ཁང་ཚད་ཡོད་ཀུང་སི་ཞིག་གིས་ཁྲིམས་དང་མ་མཐུན་པར་དཔེ་སྐྲུན་དངོས་པོ་འགྲེམས་སྤེལ་བྱས་པའི་གྱོད་གཞི”དེ་2022དང་2023ལོ་འཁོར་གྱི་རྒྱལ་ཡོངས་ཀྱི་རིག་གནས་ཁྲོམ་རའི་ཕྱོགས་བསྡུས་ཁྲིམས་སྒྱུར་གྱི་གྱོད་གཞི་ཚབས་ཆེན་ལ་བདམས་པ་རེད།

             ཤེས་རྟོགས་བྱུང་བར་གཞིགས་ན། གྱོད་གཞི་དེའི་དོ་བདག་ལ་ཁྲིམས་དང་མ་མཐུན་པར་དཔེ་སྐྲུན་དངོས་པོ་བཙོངས་པའི་ཁྲིམས་འགལ་གྱི་བྱེད་སྤྱོད་ཡོད་པས། དངུལ་ཆད་ཁྱོན་མི་དམངས་ཤོག་སྒོར་ཁྲི་78ཀྱི་སྲིད་འཛིན་ཆད་པ་བཅད་པ་རེད།

 གྱོད་གཞིའི་བརྒྱུད་རིམ།

             ལྷ་ས་གྲོང་ཁྱེར་རིག་གནས་ཁྲོམ་ར་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་སྒྱུར་རུ་ཁག་ལ་ཐེར་འདོན་ཁུངས་སྣེ་ཞིག་འབྱོར་ནས། ལྷ་ས་གྲོང་ཁྱེར་དུ《དབྱིན་ཡིག་མཉམ་འགུལ》ཞེས་པའི་ཁྲིམས་དང་མ་མཐུན་པའི་དཔེ་སྐྲུན་དངོས་པོ་ཁག་གཅིག་ཤེས་རྟོགས་བྱུང་ཞེས་བརྗོད།

             ཞིབ་བཤེར་བྱེད་རིང་། ཁྲིམས་སྒྱུར་བས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་རྔ་ཆེན་ནུབ་ལམ་དུ་ཡོད་པའི་དཔེ་ཁང་ཞིག་གིས《དབྱིན་ཡིག་མཉམ་འགུལ་གྱི་ལོ་རིམ་གསུམ་པའི་སྨད་ཆ》དང《དབྱིན་ཡིག་མཉམ་འགུལ་གྱི་ལོ་རིམ་བཞི་པའི་སྨད་ཆ》སོགས་ཀྱི་དཔེ་དེབ་འཚོང་བཞིན་ཡོད་པ་ཤེས་རྟོགས་བྱུང་། བརྟག་དཔྱད་བྱས་པ་བརྒྱུད། དཔྱད་འདོམས་བྱས་པའི《དབྱིན་ཡིག་མཉམ་འགུལ》པར་གཞི་སྒྲིག་པ་དང་པར་ཐེངས་ཀྱི་དུས་ཚོད་དེ་དཔར་མ་དངོས་དང་མི་མཐུན་པས། ཟུར་ཁྲིད་དེབ་འདི་ནི་ཡན་པེན་སློབ་ཆེན་དཔེ་སྐྲུན་ཁང་གི་མིང་དུ་བརྫུས་ནས་རྩོམ་སྒྲིག་དང་པར་འདེབས་བྱས་པའི་ཁྲིམས་འགལ་གྱི་དཔེ་སྐྲུན་དངོས་པོ་ཡིན་པ་གཏན་འཁེལ་བྱས་པ་རེད།

             ཁྲིམས་སྒྱུར་བས་འཕྲལ་མར་དཔེ་ཁང་དེར་གྱོད་དོན་ཐོ་འགོད་བྱས་ནས་བརྟག་དཔྱད་བྱས་ཤིང་། དཔེ་ཁང་འདིས་བཙོངས་པའི《དབྱིན་ཡིག་མཉམ་འགུལ》སློབ་ཁྲིད་ཟུར་ཁྲིད་རིགས་ཀྱི་དེབ་འདི་དག་ནི་ལྗོངས་ཕྱི་ནས་ཉོས་པ་དང་། ཁྱོན་དེབ་4880ཉོས་པའི་ནང་ནས་དེབ་3168སྡེབ་འཚོང་བྱས་པ་ཤེས་རྟོགས་བྱུང་བ་རེད།

             བརྟག་དཔྱད་མཇུག་འགྲིལ་རྗེས། དོ་བདག་ལ《དབྱིན་ཡིག་མཉམ་འགུལ》རིགས་ཀྱི་ཁྲིམས་དང་མ་མཐུན་པའི་དཔེ་སྐྲུན་དངོས་པོ་བཙོངས་པའི་ཁྲིམས་འགལ་གྱི་བྱེད་སྤྱོད་ཡོད་པ་དང་དཔང་རྟགས་ཁུངས་བཙན་ཡོད་པས། 《དཔེ་སྐྲུན་དངོས་པོའི་ཁྲོམ་རའི་དོ་དམ་གཏན་འབེབས》ཀྱི་དོན་ཚན་ཉི་ཤུ་པའི་ནང་གསེས་གཉིས་པའི་གཏན་འབེབས་ལས་འགལ་ཡོད། 《དཔེ་སྐྲུན་དངོས་པོའི་ཁྲོམ་རའི་དོ་དམ་སྲོལ་ཡིག》གི་དོན་ཚན་རེ་ལྔ་པའི་གཏན་འབེབས་གཞིར་བཟུང་། ལྷ་ས་གྲོང་ཁྱེར་རིག་གནས་ཁྲོམ་ར་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་སྒྱུར་རུ་ཁག་གིས་དཔེ་ཁང་འདིར་ཁྱོན་མི་དམངས་ཤོག་སྒོར་715768ཀྱི་སྲིད་འཛིན་ཆད་པ་གཅོད་རྒྱུ་དང་འབྲེལ། ཁྲིམས་འགལ་ཡོང་འབབ་ཁྱོན་མི་དམངས་ཤོག་སྒོར་64944གཞུང་བཞེས་གཏོང་རྒྱུའི་གཏན་འབེབས་བྱས་པ་རེད། 

རྩོམ་སྒྲིག་པ། མང་ག་མཚོ།