ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > གྱོད་ལྟར་ཁྲིམས་གླེང་།

ཁ་བསླུས་རྒྱག་མཁན་ཉེས་ཅན་པ་6ལག་ཏུ་ཐེབས་པ།

སྤེལ་དུས 2023-11-01 ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར། རྩོམ་པ་པོ།

              ཉེ་ཆར། ལྷོ་ཁ་གྲོང་ཁྱེར་མཚོ་སྨད་རྫོང་སྤྱི་བདེ་ཅུས་ཀྱིས“9•18”ཀྱི་གློག་འཕྲིན་དྲ་རྒྱའི་ཁ་བསླུས་གྱོད་གཞི་ཚབས་ཆེན་ཞིག་རྩད་ཆོད་ནས་ཉེས་གསོག་དོགས་ཅན་6འཛིན་བཟུང་བྱས་པ་དང་། གྱོད་གཞི་དང་འབྲེལ་བའི་རིགས་སྣ་ཚོགས་ཀྱི་དངུལ་ཁང་གཱ་100ལྷག་ཙམ་གྱི་རྩིས་ཁྲ་གསལ་བཟོ་ཐུབ་པ་མ་ཟད། ཀུང་སི་1ཞིབ་བཤེར་ཐག་གཅོད་བྱས་ནས་གྱོད་འབྲེལ་བཙོག་དངུལ་སྒོར་271362ཚུར་ལེན་ཐུབ་པ་རེད།

              2023ལོའི་ཟླ་9ཚེས་16ཉིན། ལྷོ་ཁ་གྲོང་ཁྱེར་མཚོ་སྨད་རྫོང་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་རུ་ཆེན་ལ་དྲ་བར་བྲིན་རྫུ་བྱས་རྐྱེན་སྒོར་502140ཁ་བསླུས་ཐེབས་བྱུང་ཅེས་ཁོངས་གཏོགས་ཁུལ་གྱི་གྲོང་མི་ཁོ་ཆེ་གེ་མོའི་གྱོད་དོན་སྙན་སེང་འབྱོར། ཤེས་རྟོགས་བྱས་པ་བརྒྱུད། མི་ཞིག་གིས་གནོད་འཚེ་ཕོག་མཁན་ཁོ་ཆེ་གེ་མོ་སྐད་འཕྲིན་གྲོགས་ཚོགས་སུ་བཅུག་པ་དང་། དེ་ནས་ཚོགས་པའི་ནང་གི་མི་གཞན་ཞིག་གིས་དྲ་ཚིགས་ཤིག་བསྐུར་ནས་APPཞིག་ཕབ་དགོས་ལུགས་བརྗོད། APPཕབ་ལེན་བྱས་རྗེས་མི་འདིས་ལས་འགན་བགོ་བཤའ་བརྒྱབ། དེའི་རིང་མི་འདིའི་སྐད་ཆར་ཁོ་ཆེ་གེ་མོ་ཡིད་ཆེས་ཐག་ཆོད་ནས། ཁོས་སྤྲད་པའི་དངུལ་ཁང་གཱ་ལ་སྔ་རྗེས་སུ་ཁྱོན་སྒོར་502140བསྐུར་བ་རེད།
              གྱོད་གཞི་ཚབས་ཆེ་བར་བརྟེན་གྱོད་སྒྲུབ་མི་དམངས་ཉེན་རྟོག་པས་འཕྲལ་མར་ཅུས་ཀྱི་འགོ་ཁྲིད་གཙོ་བོར་གནས་ཚུལ་སྙན་སེང་ཞུས། མཚོ་སྨད་རྗོང་སྤྱི་བདེ་ཅུས་ཏང་ཨུད་ཀྱིས་མཐོང་ཆེན་བྱས་ཏེ། འཕྲལ་མར་གྱོད་གཞིར་དབྱེ་ཞིབ་ཞིབ་བསྡུར་གྱི་ཚོགས་འདུ་འཚོགས་པ་མ་ཟད། ཉེན་རྟོག་པ་ཧྲག་སྒྲུག་བརྒྱབ་ཁར། ཆེད་སྒྲུབ་ཚོགས་ཆུང་བཙུགས་ནས་རྩད་ཆོད་བྱེད་འགོ་ཚུགས། མི་རིང་བར། རིམ་པ་ཁག་གི་གྱོད་འབྲེལ་རྩིས་ཁྲ་100ལྷག་ཙམ་དང་ཉེས་གསོག་དོགས་ཅན་གྱི་སྒོར་ཁྲི་460ལྷག་ཙམ་བཅོལ་ལེན་བྱས་པའི་ཟིན་ཐོ་གསལ་རྟོགས་ཐུབ་ནས། འཕྲལ་མར་ཉེས་གསོག་དོགས་ཅན་མང་པོ་གཏན་འཁེལ་བྱས།

              གྱོད་སྒྲུབ་མི་དམངས་ཉེན་རྟོག་པ་སྔ་རྗེས་སུ་ལེའོ་ཉིང་གི་ཧྲེན་དབྱང་དང་། ཅིན་ཀྲོའུ། ཧེ་ཧྲན། ཧོ་པེའི་ཧྲི་ཅ་ཀྲོང་། ཀྲེང་ཏིང་། ཚང་ཀྲོའུ། ཡན་ཧྲན། ཐེན་ཅིན། ཧྲང་ཧའེ་སོགས་ས་ཆ་མང་པོར་བསྐྱོད་དེ་འཛིན་བཟུང་བྱེད་འགོ་ཚུགས་པ་དང་། དེ་བཞིན་ཞིང་ཆེན་ཕྱིའི་ཉེན་རྟོག་པ་མང་པོའི་གཞོགས་འདེགས་དང་། རྒྱབ་སྐྱོར། རོགས་རམ་བཅས་ཤུགས་ཆེན་བྱས་མཐར། ཉེས་གསོག་དོགས་ཅན་6ཁྲིམས་ལ་སྦྱར་ཐུབ་པ་རེད།

              གྱོད་དོན་ཐོ་འགོད་བྱས་རྗེས། ཉེས་གསོག་དོགས་ཅན་སུན་ཆེ་གེ་མོ་དང་། ཀུའུ་ཆེ་གེ་མོ། ཀྲོའུ་ཆེ་གེ་མོ་སོགས་མི་6པོས་ཆ་འཕྲིན་དྲ་རྒྱའི་ཉེས་གསོག་བྱེད་སྤྱོད་སྤེལ་རོགས་བྱས་པ་དང་ཐོབ་ཆ་སྦས་ཁུངས་བྱས་པའི་ཉེས་གསོག་དོན་དངོས་སྦ་གསང་མེད་པར་ཁས་ལེན་བྱས། མིག་སྔར། སུན་ཆེ་གེ་མོ་སོགས་ཉེས་གསོག་དོགས་ཅན་6པོར་ཁྲིམས་ལྟར་ཉེས་དོན་བཙན་སྐུལ་གྱི་བྱེད་ཐབས་སྤྱད་ཅིང་། གྱོད་གཞི་འདི་སྔར་བས་མྱུལ་ཞིབ་བྱེད་སྒང་ཡིན་པ་རེད།

རྩོམ་སྒྲིག་པ། མང་ག་མཚོ།