ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > གྱོད་ལྟར་ཁྲིམས་གླེང་།

ལོ་2བྲོས་བྱོལ་དུ་སོང་བའི་ཉེས་ཅན་བྱེད་གཏེ་འཛིན་བཟུང་ཐུབ་པ།

སྤེལ་དུས 2023-11-01 ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར། རྩོམ་པ་པོ།

             ཟླ་10ཚེས་26ཉིན། ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་སྤྱི་བདེ་ཅུས་ཉེས་དོན་མྱུལ་ཞིབ་རུ་ཆེན་ལ་ཡུན་ནན་ཞིང་ཆེན་མོང་ལཱ་རྫོང་གི་ཉེན་རྟོག་ཕྱོགས་ཀྱི་གཞོགས་འདེགས་འོག “3•24”གློག་འཕྲིན་དྲ་རྒྱའི་ཁ་བསླུས་གྱོད་གཞི་ཚབས་ཆེན་གྱི་ཉེས་གསོག་དོགས་ཅན་བྱེད་གཏེ་ཧྥེ་ཆེ་གེ་མོ་འཛིན་བཟུང་ཐུབ་པ་རེད།

             2021ལོའི་ཟླ་3ཚེས་24ཉིན། ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་སུ་དྲ་བར་གྲོགས་པོ་སྒྲིག་པར་ཁ་གཡར་ནས་རྒྱན་འགྱེད་དངུལ་གཉེར་རིགས་ཀྱི་གློག་འཕྲིན་དྲ་རྒྱའི་ཁ་བསླུས་གྱོད་གཞི་ཚབས་ཆེན་ཞིག་ཐོན་ཏེ། གནོད་འཚེ་ཕོག་མཁན་ལ་སྒོར་ཁྲི་408ལྷག་ཙམ་ཁ་བསླུས་ཐེབས། གྱོད་གཞི་འདིར་སྤྱི་བདེ་ཐིང་ཏང་ཨུད་ཀྱིས་མཐོང་ཆེན་བྱས་ཏེ། རང་སྐྱོང་ལྗོངས་དང་། ཉིང་ཁྲི་གྲོང་ཁྱེར། བྲག་ཡིབ་ཆུས་བཅས་རིམ་གསུམ་སྤྱི་བདེ་ལས་ཁུངས་ཀྱིས་ཉེས་དོན་མྱུལ་ཞིབ་དང་། དྲ་བའི་བདེ་འཇགས། ལག་རྩལ་མྱུལ་ཞིབ། གསང་འཕྲིན་སོགས་ཉེན་རྟོག་པའི་ལས་རིགས་ཚོགས་ཆུང་མང་པོ་བཙུགས་པ་དང་ཆབས་ཅིག མཉམ་དུ“3•24”ཆེད་དོན་གྱོད་གཞི་ཚོགས་ཆུང་ལ་ཞུགས་ནས། འཕྲལ་མར་དྲ་ཐོག་དང་དྲ་ཕྱི་ནས་མྱུལ་ཞིབ་བྱས། རང་སྐྱོང་ལྗོངས་སྤྱི་བདེ་ཐིང་གི་བཀོད་འདོམས་འོག ཉེས་གསོག་དོགས་ཅན་26སྔ་རྗེས་སུ་འཛིན་བཟུང་བྱས་ནས་དངུལ་སྒོར་ཁྲི་80ལྷག་ཙམ་འདེད་ལེན་ཐུབ་པ་དང་། ཉེས་སྤྱོད་ལག་ཆ་སྟེ་གློག་ཀླད་6དང་། ལག་ཁྱེར་གློག་ཀླད་1 iPad1 ཁ་པར་54བཅས་རྩད་ཆོད་ནས་བཙན་ཉར་དང་དངུལ་ཁང་གཱ་39བསྡམས་བཅད་བྱས་པ་རེད།
             ལོ་གཉིས་སོང་རྗེས་ཀྱི་2023ལོའི་ཟླ་10ཚེས་24ཉིན། “3•24”ཉེས་གསོག་ཚོགས་པའི་བྱེད་གཏེ་ཧྥེ་ཆེ་གེ་མོ་ཁྲིམས་འགལ་ངང་རྒྱལ་ཁོངས་བསྒྲལ་བའི་རྐྱེན་གྱིས་ལོ་སི་མི་དམངས་དམངས་གཙོ་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཕྱིར་ལོག་བྱེད་དུ་བཅུག་པ་དང་འབྲེལ། ཡུན་ནན་ཞིང་ཆེན་མོང་ལཱ་རྫོང་མོ་ཧན་རྒྱལ་མཚམས་འཛུལ་གྲོལ་མཐའ་མཚམས་ཞིབ་བཤེར་ས་ཚིགས་ལ་རྩིས་སྤྲད། ཕྱིར་ལོག་བྱེད་དུ་བཅུག་པའི་རྒྱལ་ཁོངས་ཀྲུང་གོ་ནས་ཡིན་པའི་འགྲུལ་པའི་མིང་ཐོར་ཞིབ་བཤེར་བྱེད་སྐབས། ཧྥེ་ཆེ་གེ་མོ“དྲ་ཐོག་བྲོས་བྱོལ”ཡིན་པ་ཤེས་ནས་མོང་ལཱ་རྫོང་ཉེན་རྟོག་ཕྱོགས་ཀྱིས་འཛིན་བཟུང་བྱས་པ་རེད།
             མིག་སྔར། བྲག་ཡིབ་ཆུས་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་པས་མོང་ལཱ་རྫོང་གི་ཉེན་རྟོག་ཕྱོགས་ནས་ཉེས་གསོག་དོགས་ཅན་རྩིས་བླངས་པ་དང་འབྲེལ། ལྟ་སྐྱེལ་བྱས་ནས་ཁྲིམས་ལ་སྦྱར་བ་རེད། 

རྩོམ་སྒྲིག་པ། མང་ག་མཚོ།