ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > གྱོད་ལྟར་ཁྲིམས་གླེང་།

བོད་ལྗོངས་སུ་ཁ་བསླུས་རྒྱག་མཁན་ལ་རོཊ་བྱེད་མཁན་ཞིག་འཇུས་འདུག

སྤེལ་དུས 2023-11-23 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།

       ཕལ་ཆེར་མི་མང་པོ་ཞིག་ལ་མདུན་གྱི་ཨང་ཀི“00”དང་ཡང་ན་“+”ཀྱི་རྒྱུས་མེད་ཁ་པར་དེ་རིགས་སླེབས་མྱོང་ཡོད་ཀྱི་རེད། དེའི་རིགས་ནི་མང་ཆེ་བ་ཁ་བསླུས་རྒྱག་མཁན་ཤ་སྟག་ཡིན། མང་ཚོགས་ལ་ཁ་པར་དེ་རིགས་འབྱོར་རྗེས་ཚང་མས་དོགས་ཟོན་བྱེད་ངེས། ཡིན་ནའང་། གལ་སྲིད་ཁྱེད་རང་ལ་འབྱོར་བའི་ཨང་གྲངས་དེ་རིགས་ས་གནས་དེ་རང་གི་ཡིན་ཚེ། སྔར་བཞིན་དོགས་ཟོན་བྱེད་སྲིད་དམ། 

       ཉེ་ཆར། གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་སྤྱི་བདེ་ཅུས་ཉེས་དོན་མྱུལ་ཞིབ་རུ་ཆེན་ལ་མི་ཁག་གཅིག་གིས“ལག་ཐོག་ཁ་པར་གྱི་མཐུད་སྣེའི་ལས་སྒོ”བརྒྱུད། རྒྱལ་ཁོངས་ཕྱིའི་ཁ་བསླུས་རྒྱག་མཁན་ལ་འཕྲིན་གཏོང་ལས་སྒོ་སྒྲུབ་རོགས་བྱས་པས། མང་ཚོགས་ལ་ཁ་བསླུས་མགོ་སྐོར་གཏོང་བའི་ཁ་པར་ཡང་སེ་སླེབས་པའི་ཁུངས་སྣེ་ཞིག་རྙེད་ཡོད། 

       ཁུངས་སྣེ་རག་རྗེས་རྒྱལ་རྩེ་རྫོང་མི་དམངས་ཉེན་རྟོག་པས་གྱོད་དོན་དེར་མྱུལ་ཞིབ་བྱེད་འགོ་ཚུགས། དབྱེ་ཞིབ་བརྡར་གཅོད་དང་། ཁུངས་སྣེ་བཙལ་འཚོལ་གཏིང་ཟབ་བྱས་པ་བརྒྱུད། ཁུངས་སྣེ་འབྱོར་བའི་ཉིན་དེར་མི་དམངས་ཉེན་རྟོག་པས་རྒྱལ་རྩེ་རྫོང་གི་མགྲོན་ཁང་ཞིག་ནས“ལག་ཐོག་ཁ་པར་གྱི་མཐུད་སྣེའི་ལས་སྒོ”བརྒྱུད་རྒྱལ་ཁོངས་ཕྱིའི་ཁ་བསླུས་རྒྱག་མཁན་ལ་འཕྲིན་གཏོང་ཞབས་ཞུ་སྒྲུབ་རོགས་བྱེད་མཁན་ཝང་ཆེ་གེ་མོ་འཛིན་བཟུང་བྱས་ཡོད།

       བརྟག་དཔྱད་བྱས་པ་བརྒྱུད། ཝང་ཆེ་གེ་མོས་ཁ་བརྡའི་མཉེན་ཆས་ཤིག་གི་ཐོག་མི་ཁག་གཅིག་གིས“ལག་ཐོག་ཁ་པར་གྱི་མཐུད་སྣེའི”ཁ་བསླུས་རྒྱག་སྟངས་སྐོར་གྱི་ནང་དོན་སྤེལ་བ་དང་། ཁ་པར་བརྒྱབ་པའི་དུས་ཡུན་ཆུ་ཚོད་གཅིག་ཟིན་ཚེ་གླ་ཆ་སྒོར་120སྤྲོད་རྒྱུའི་ཁས་བླངས་པ་མ་ཟད“གླ་ཕོགས”ཉིན་རྩིས་རྒྱག་གི་ཡོད་པའི་ཆ་འཕྲིན་ཞིག་མཐོང་ཡོད། རང་གི་ཁེ་ཕན་སྒྲུབ་ཆེད། ཝང་ཆེ་གེ་མོས་ཁ་པར་གཉིས་ལ་བརྟེན་ནས། སྒྲ་ཟློས་སྐུད་ལམ་དང་གྲངས་འཛིན་སྐུད་ལམ་སྦྲེལ་མཐུད་བྱེད་པ་ཆབས་ཅིག སྒྲ་སྐྱེད་འཕྲུལ་ཆས་ཀྱི་ཁ་ཕྱེ་ནས་ཁ་བསླུས་རྒྱག་མཁན་དང་མགོ་སྐོར་འོག་ཚུད་མཁན་གཉིས་ཐད་ཀར་འབྲེལ་མཐུད་ཐུབ་པ་བྱས་ཡོད།  

       ཝང་ཆེ་གེ་མོས་ཕ་རོལ་ཕྱོགས་གློག་འཕྲིན་ཁ་བསླུས་རྒྱག་མཁན་ཡིན་པ་ཤེས་བཞིན་དུ། སྔར་བཞིན་རྒྱུ་ནོར་གྱི་བསླུ་བྲིད་འོག ཁོ་པ་ཚོར་གློག་འཕྲིན་དྲ་རྒྱའི་ཁ་བསླུས་རྒྱག་རོགས་བྱས་པས། གློག་འཕྲིན་ཁ་བསླུས་ཉེས་གསོག་གི་“ལག་ཆ”ལྟ་བུར་གྱུར་ཡོད། 2023ལོའི་ཟླ་10པ་ནས་ཟླ་11པའི་བར། ཝང་ཆེ་གེ་མོས་ཁ་བསླུས་རྒྱག་པའི་ཁ་པར་ཐེངས་4000ལྷག་ཙམ་བརྒྱབ་པ་དང་། ཁྲིམས་འགལ་གྱི་ཁེ་སྤོགས་སྒོར་བདུན་སྟོང་ལྷག་ཙམ་རག་ཡོད། 

       མིག་སྔར། ཉེས་གསོག་དོགས་ཡོད་ཝང་ཆེ་གེ་མོ་རྒྱལ་རྩེ་རྫོང་སྤྱི་བདེ་ཅུས་ཀྱིས་ཁྲིམས་ལྟར་ཉེས་དོན་བཀག་ཉར་བྱས་པ་དང་། གྱོད་གཞི་དེ་སྒྲུབ་གཉེར་བྱེད་མུས་ཡིན་པ་རེད། 

རྩོམ་སྒྲིག་པ། མང་ག་མཚོ།