ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > ཚ་ཤོས།

བསླུ་འཚོང་བྱས་པའི་བུད་མེད་སོཊ་ལ་རོཊ་སྐྱོར་བྱེད་ཤུཊ་ཆེ་རུ་གཏོང་་་

སྤེལ་དུས 2022-04-08 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
  སྡེ་ཚན་གཉིས་ཀྱིས་བསླུ་བྲིད་དང་གཡོ་འཚོང་བྱས་པའི་བུད་མེད་སོགས་དཀའ་ངལ་ཡོད་པའི་བུད་མེད་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས་ཞེས་བརྗོད།
  
  སྤྱི་ཚེས་6ཉིན་གསར་འགོད་པས་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཉེ་ཆར་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་དང་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་མཉམ་འབྲེལ་ཐོག་བརྡ་ཐོ་བཏང་ནས“དཀའ་ངལ་ཡོད་པའི་བུད་མེད་ཚོགས་སྤྱིར་དོ་ཁུར་བྱས་ནས་ཆེད་དོན་ཁྲིམས་འཛིན་རོགས་སྐྱོབ་ལ་ཤུགས་སྣོན་རྒྱག་པའི”ཆེད་དོན་བྱེད་སྒོ་སྤེལ་བ་རེད། ཆེད་དོན་བྱེད་སྒོ་དེ་སྤྱི་ཟླ་3པར་སྤེལ་བ་དང་ད་ལོའི་ལོ་མཇུག་བར་རྒྱུན་འཁྱོངས་བྱ་རྒྱུ་ཡིན་པ་རེད།
  བརྡ་ཐོའི་ནང་། གྱོད་གཞི་ཞིབ་དཔྱོད་ཀྱི་ལྷུ་ཚིགས་དང་རོགས་སྐྱོབ་ཀྱི་ཆ་རྐྱེན་དང་མཐུན་པའི་དཀའ་ངལ་ཡོད་པའི་བུད་མེད་རིགས་ལྔ་ཞིབ་དཔྱོད་ལས་ཁུངས་ཀྱིས་གཙོ་གནད་དུ་བཞག་ནས་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་མཉམ་དུ་རོགས་སྐྱོབ་དང་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་བསྟན་ཡོད། དེ་ཡང་གཅིག་ནི་བསྐྱར་དུ་དབུལ་པོར་འགྱུར་རྒྱུ་སྔོན་འགོག་བྱེད་པའི་ལྟ་ཞིབ་ཚད་ལེན་བྱ་ཡུལ་དུ་གཏོགས་པའི་གྲོང་གསེབ་ཀྱི་བུད་མེད་དང་། གཉིས་ནི་ཁྱིམ་ཚང་གི་དྲག་ཤུགས་དང་། ཆགས་སྲེད་ཀྱི་གནོད་འཚེ་ཕོག་པ། བསླུས་འཚོང་སོགས་ཁྲིམས་འགལ་ཉེས་གསོག་གི་བྱ་སྤྱོད་ཀྱིས་གནོད་འཚེ་ཕོག་པའི་བུད་མེད་ཡིན་པ། གསུམ་ནི་ཁྱིམ་ཚང་གི་ངལ་རྩོལ་ནུས་ཤུགས་གཙོ་བོར་ཁྲིམས་འགལ་ཉེས་གསོག་གི་གནོད་འཚེ་ཕོག་ནས་ཤི་བའམ་ཡང་ན་ངལ་རྩོལ་ནུས་པ་ཤོར་ནས་ན་སོ་དར་ལ་མ་བབས་པའི་ཕྲུ་གུ་གསོ་སྐྱོང་དང་རྒན་རྒོན་ལ་བསྙེན་བཀུར་བྱེད་པའི་འོས་འགན་འཁུར་མཁན་བུད་མེད་ཡིན་པ། བཞི་ནི་ལུས་ལ་ནད་གཞི་ལྕི་མོ་ཕོག་པའམ་དབང་པོ་སྐྱོན་ཅན་གྱི་བུད་མེད་ཡིན་པ། ལྔ་ནི་ཞབས་ཏོག་ཞུ་བའི་འོས་འགན་འཁུར་མཁན་ལ་ཞབས་ཏོག་ཞུ་བའི་ནུས་པ་མེད་པའམ་དོན་དངོས་ཐོག་ཞབས་ཏོག་ཞུ་མཁན་མེད་པའི་བུད་མེད་རྒན་གྲས་བཅས་ཡིན།
  བརྡ་ཐོ་ལྟར་ན། ལས་ཞུགས་ཐད་ཕོ་མོའི་མཐོང་ཆུང་དང་ལས་གནས་ཐོག་གི་ཆགས་སྲེད་བརྙས་བརྐོ་སོགས་དམངས་དོན་ཁེ་དབང་ལ་བཙན་གནོད་གཏོང་བའི་གྱོད་གཞི་ལས་འཚོ་བའི་ཐད་དཀའ་ངལ་འཕྲད་པར་བཅའ་ཁྲིམས་ཀྱི་ཐབས་ལམ་བརྒྱུད་ཐག་གཅོད་བྱེད་དཀའ་བ་དང་། དེ་བཞིན་ཁྱིམ་ཚང་གི་གཏུམ་སྤྱོད་ཐོན་པས་ཞུ་གཏུག་བརྒྱབ་ཏེ་བཟའ་ཚང་ཁ་བྲལ་བྱས་ཤིང་འཚོ་བར་དཀའ་ངལ་དངོས་ཡོད་པར་གནས་ཚུལ་དངོས་ལ་གཞིགས་ནས་རོགས་སྐྱོབ་བྱེད་དགོས་རིགས་ཀྱི་བུད་མེད་ལ་གྱོད་གཞི་སྒྲུབ་སའི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཀྱང་བུད་མེད་མཉམ་འབྲེལ་རྩ་འཛུགས་དང་མཐུན་སྦྱོར་བྱས་ནས་རོགས་སྐྱོར་རོགས་སྐྱོབ་ལས་དོན་སྤེལ་ཆོག་གི་ཡོད་པ་རེད།
  བརྡ་ཐོའི་ནང་ཆེད་དོན་བྱེད་སྒོ་སྤེལ་རིང་། ཞིབ་དཔྱོད་ལས་ཁུངས་གྱོད་སྒྲུབ་སྡེ་ཚན་གྱིས་རོགས་སྐྱོབ་འདུ་ཤེས་ནན་ཏན་ངང་ཟབ་ཏུ་གཏོང་བ་དང་། རོགས་སྐྱོབ་ཀྱི་ཁུངས་སྣེ་ཁྱོན་ཡོངས་ནས་གསེད་དཀྲོལ་བྱས་ཏེ་ཁྲིམས་འཛིན་རོགས་སྐྱོབ་ཀྱི་ཆ་རྐྱེན་དང་མཐུན་པའི་དཀའ་ངལ་ཡོད་པའི་བུད་མེད་ལ་འཕྲལ་མར་རོགས་སྐྱོབ་ལས་དོན་སྤེལ་འགོ་འཛུགས་དགོས་པ་དང་། ཞིབ་དཔྱོད་མི་སྣ་དམིགས་འཛུགས་བཀོད་སྒྲིག་བྱས་ནས་སྔོན་ལ་སྒྲུབ་ཏུ་འཇུག་པ། བུད་མེད་ལ་ཡིག་ཐོག་རོགས་སྐྱོབ་རེ་ཞུ་དང་འཚོ་བར་དཀའ་ངལ་ཡོད་པའི་གནས་ཚུལ་གྱི་ངོ་སྤྲོད་དཔྱད་ཡིག་འབུལ་རྒྱུར་རོགས་རམ་ཧུར་ཐག་བྱེད་པ། རོགས་སྐྱོབ་བྱ་ཡུལ་བུད་མེད་ཀྱིས་ནར་མ་སོན་པའི་བུ་ཕྲུག་གསོ་སྐྱོང་བྱེད་དགོས་རིགས་ལ་མཉམ་དུ་ཁྲིམས་འཛིན་སྐྱོབ་རོགས་ལས་ཀ་སྤེལ་དགོས་པ་དང་། བུད་མེད་མཉམ་འབྲེལ་རྩ་འཛུགས་ཀྱིས་རྩིས་སྤྲོད་བྱས་པའི་རོགས་སྐྱོབ་ཁུངས་སྣེར་ཞིབ་དཔྱོད་ལས་ཁུངས་ཀྱིས་གྱོད་གཞི་ཐག་གཅོད་བྱས་རྗེས་བུད་མེད་མཉམ་འབྲེལ་རྩ་འཛུགས་ལ་གྱོད་གཞི་ཐག་གཅོད་བྱས་ཚུལ་གྱི་ལན་སྤྲོད་དགོས་ལ། ཁྲིམས་འཛིན་སྐྱོབ་རོགས་བྱེད་སྐབས་དཀའ་ངལ་ཡོད་པའི་བུད་མེད་ཀྱི་མི་གཤིས་ལ་རྒྱ་དང་། མིང་གྲགས་ཐོབ་དབང་། གསང་དོན་དབང་ཆ་སོགས་ཁྲིམས་མཐུན་ཁེ་དབང་ལ་བརྩི་འཇོག་བྱས་ནས་“གནོད་འཚེ་ཐེངས་གཉིས་པ་”མི་ཡོང་བར་བྱ་དགོས་པའི་བླང་བྱ་བཏོན་ཡོད།
  བརྡ་ཐོའི་ནང་ནན་བཤད་བྱས་དོན་ལ། ཞིབ་དཔྱོད་ལས་ཁུངས་དང་བུད་མེད་མཉམ་འབྲེལ་རྩ་འཛུགས་ཀྱིས་དམིགས་བསལ་གྱི་སྲུང་སྐྱོང་འདུ་ཤེས་བཙུགས་ནས་ཁྲིམས་འཛིན་རོགས་སྐྱོབ་ལག་བསྟར་བྱས་རྗེས་འཚོ་བར་སྔར་བཞིན་དཀའ་ངལ་འཕྲད་པའི་བུད་མེད་ལ་ཞིབ་ཕྲའི་གནས་ཚུལ་ལ་གཞིགས་ནས་འབྲེལ་ཡོད་ཚན་པ་དང་མཐུན་སྦྱོར་བྱས་ཏེ་ཆེད་ལས་ཀྱི་སྟོབས་ཤུགས་ལ་བརྟེན་པ་དང་། དོན་དངོས་གནས་ཚུལ་ལ་གཞིགས་ཏེ་རོགས་སྐྱོབ་ཇུས་གཞི་ལག་བསྟར་བྱེད་དགོས། ཟླ་རེར་གྲོས་མོལ་བྱེད་པའི་ལམ་སྲོལ་འཛུགས་པ་དང་། རོགས་སྐྱོབ་གྱོད་གཞིའི་ཆ་འཕྲིན་དུས་ཐོག་ཏུ་མཉམ་སྤྱོད་བྱེད་པ། གློ་བུར་དུ་བྱུང་བའི་གནད་དོན་ཐག་གཅོད་བྱེད་པ་དང་ཆབས་ཅིག་ས་ཁུལ་དེ་གའི་འབྲེལ་ཡོད་ལས་དོན་གྱི་ཚད་ལྡན་རང་བཞིན་གྱི་ཡིག་ཆ་ཞིབ་འཇུག་བྱས་ནས་འདོན་པ་དང་།ཁྲིམས་འཛིན་རོགས་སྐྱོབ་གྱོད་གཞིའི་ཁུངས་སྣེ་རྩིས་སྤྲོད་དང་མཉམ་འབྲེལ་འཚམས་འདྲིར་སྐྱོད་པ་སོགས་ཀྱི་ལས་དོན་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ། རང་འགུལ་ངང་ཁྲིམས་ལྟར་འགན་འཁྲི་བསྒྲུབས་ནས་བུད་མེད་ཀྱི་ཁྲིམས་མཐུན་ཁེ་དབང་འགན་སྲུང་སྔར་ལས་ལེགས་པར་བྱ་དགོས་པའི་བླང་བྱ་བཏོན་ཡོད།