ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > ཚ་ཤོས།

ཆུ་མིག་མཚོ་ཡི་ངོགས་སུ་ཉེན་རྟོག་རྟགས་མའི་འོད་མདངས་འཕྲོ།

རུ་ཐོག་རྫོང་སྤྱི་བདེ་ཅུས་ཀྱི་མི་དམངས་ཉེན་རྟོག་པ་ཧྲང་ཧའེ་པིན་ལ་རྗེས་དྲན་ཞུ།

སྤེལ་དུས 2022-04-11 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
  དྭངས་གསལ་དུས་ཚིགས་སླར་ཡང་ཤར་བའི་དུས། སྔོན་གཤེགས་དཔའ་བོར་རྗེས་དྲན་ཟབ་མོ་ཞུ། མངའ་རིས་ས་ཁུལ་རུ་ཐོག་རྫོང་སྤྱི་བདེ་ཅུས་ཀྱི་ཚོགས་ཁང་དུ་སྤྱི་བདེ་ཉེན་རྟོག་པ་ཚང་མ་རྣམ་འགྱུར་སྒམ་བརླིང་ལྡན་ཞིང་། ཁོ་ཚོས་2021ལོའི་ཟླ་12ཚེས་12ཉིན་གློ་བུར་དུ་སྙུང་གཞིས་རྐྱེན་པས་ལས་གནས་སུ་སྐུ་གཤེགས་པའི་འཐབ་གྲོགས་ཡག་པོ་དང་བློ་མཐུན་ཡག་པོ་ཧྲང་ཧའེ་པིན་ལ་མྱ་ངན་ཞུ་བཞིན་ཡོད།
  1978ལོར་སྐྱེས་པའི་ཧྲང་ཧའེ་པིན་2021ལོར་སློབ་གྲྭ་ནས་ཐོན་རྗེས་རུ་ཐོག་རྫོང་སྤྱི་བདེ་ཅུས་སུ་ལས་ཀར་སླེབས་པ་དང་། ལོ་20ཡི་རིང་། ཁོང་གིས་སྤྱོད་ཚུལ་བཟང་པོ་རྒྱུན་འཁྱོངས་དང་། དཀའ་ངལ་སྣ་ཚོགས་ཁྱད་བསད། གཞན་གྱི་སྔོན་ལ་མཆོང་ཕོད་པ་བཅས་བྱས་ནས། སྤྱི་བདེ་མི་དམངས་ཉེན་རྟོག་པའི་ལས་དོན་ལ་རང་ཉིད་ཀྱི་ཡོད་ཚད་ལེགས་སྐྱེས་སུ་ཕུལ་བ་རེད།
  2001ལོར། སྤྱི་བདེ་མི་དམངས་ཉེན་རྟོག་པ་8ལས་མེད་པའི་རུ་ཐོག་རྫོང་སྤྱི་བདེ་ཅུས་ལ་སློབ་གྲྭ་ཐོན་མ་ཐག་པའི་བློ་མཐུན་གསར་པ་4འབྱོར་བ་དང་། ཅུས་སུ་དེ་མ་ཐག་ལས་རོགས་མི་ཉུང་བ་ཞིག་མང་དུ་ཕྱིན་པས། སྐབས་དེ་དུས་སྤྱི་བདེ་ཅུས་ཀྱི་ཅུས་ཀྲང་གཞོན་པའི་འགན་འཁུར་མཁན་ཕུར་བུ་བཀྲ་ཤིས་དགའ་ཚོར་ཆེན་པོ་བྱུང་བ་རེད། ལོ་20ལྷག་ཙམ་ཕྱིན་པ་དང་། ད་ཆ་མངའ་རིས་ས་ཁུལ་སྤྱི་བདེ་ཁྲུའི་ཏང་ཨུད་ཀྱི་ཨུ་ཡོན་ཡིན་པའི་ཕུར་བུ་བཀྲ་ཤིས་ཀྱིས་ཧྲང་ཧའེ་པིན་དང་པོ་ཐུག་སྐབས་ཀྱི་གནས་ཚུལ་ད་དུང་ཡང་བློ་ལ་གསལ་པོར་ངེས་ཀྱི་ཡོད་ཅིང་། ཁོང་གིས“ཕོ་གཞོན་འདི་དངོས་གནས་གྱོང་པོ་འདུག བལྟས་པ་ཙམ་གྱིས་སྙིང་སྟོབས་རབ་ཏུ་འཕེལ་བ་ཞིག་འདུག་པས། སྤྱི་བདེའི་ལས་ཀར་འཚམ་པོ་ཡོང་ངེས་རེད”ཅེས་བརྗོད་མྱོང་ཡོད་པ་རེད།
  ཕུར་བུ་བཀྲ་ཤིས་ཀྱིས་བརྗོད་པ་བཞིན་ཧྲང་ཧའེ་པིན་གང་མགྱོགས་སྤྱི་བདེའི་ལས་ཀར་འཇོན་ཐང་ཐོག་མར་འདོན་འགོ་ཚུགས་ཤིང་། གྱོད་གཞི་མྱུལ་ཞིབ་རྩད་གཅོད་བྱེད་སྐབས། ལོ་ན་གཞོན་པའི་ཧྲང་ཧའེ་པིན་ཆེད་ལས་དང་། བབ་བརླིང་། བློ་གྲོས་བཅས་ལྡན་པ་ཞིག་ཡོད་པ་དང་། མི་གཞན་གྱིས་སྒྲུབ་མི་འདོད་པའི་ལས་ཀ་ཚང་མ་ཧྲང་ཧའེ་པིན་གྱིས་རང་འགུལ་ངང་སྒྲུབ་འགན་ཁུར་བས། རིམ་བཞིན་རུ་ཐོག་རྫོང་སྤྱི་བདེའི་དཔུང་ཁག་གི་རྐང་འཛིན་སྟོབས་ཤུགས་ལ་གྱུར་པ་རེད།
  2003ལོར། ལས་ཀའི་བཀོད་སྒྲིག་གཞིར་བཟུང་། ཁོངས་གཏོགས་ཁུལ་གྱི་ར་བང་ཤང་དུ་སྤྱི་བདེའི་ཆེད་མངགས་པ་ཞིག་བཅའ་སྡོད་བྱེད་དགོས་པ་དང་། དེས་སླད་ཕྱིན་ར་བང་ཤང་གི་སྤྱི་བདེའི་ལས་དོན་སྤེལ་བར་རྨང་གཞི་འདིང་དགོས་ཀྱི་ཡོད། སྐབས་དེ་དུས་ར་བང་ཤང་གི་འཚོ་བའི་ཆ་རྐྱེན་དཀའ་ཚེགས་ཆེ་བས་ཕྱོགས་ཁག་གི་ལས་དོན་ཚང་མ་འཚོལ་ཞིབ་བྱེད་བཞིན་སྤེལ་དགོས་ཀྱི་ཡོད། གནས་ཚུལ་དེ་ཤེས་རྗེས་ཧྲང་ཧའེ་པིན་གྱིས་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་ར་བང་ཤང་དུ་ལས་ཀར་སྐྱོད་པའི་རེ་བ་ཞུས་པ་རེད།
  2005ལོའི་ཟླ་6ཚེས་30ཉིན། ཧྲང་ཧའེ་པིན་གྱིས་ར་བང་ཤང་དུ་སྤྱི་བདེའི་ཆེད་མངགས་པའི་འགན་འཁུར་རིང་། འགལ་ཟླ་དང་རྩོད་གཞི་སྣ་ཚོགས་ཁྱོན་ཁག་300ལྷག་ཙམ་བསལ་བ་དང་། བདེ་འཇགས་གྱོད་གཞི་ཁག་20ལྷག་ཙམ་ཐག་གཅོད་བྱས་ཏེ་ར་བང་ཤང་མངགས་གཏོང་ཁང་ལ་ལས་ཀའི་འགོ་ཡག་པོ་ཞིག་བཙུགས་པ་རེད།
  2014ལོར། ས་བབ་མཐོ་ཚད་སྨི་5018ཟིན་པའི་ཆུ་མིག་མཚོའི་རིམ་པ་དང་པོའི་སྤྱི་བདེ་ཞབས་ཞུའི་ས་ཚིགས་སྤྱོད་འགོ་ཚུགས་པ་དང་། ས་གནས་དེ་གའི་ས་བབ་མཐོ་བ་དང་གནམ་གཤིས་ཆ་རྐྱེན་ཞན་པོ་ཡོད་པ་ཤེས་བཞིན་དུ་ཧྲང་ཧའེ་པིན་གྱིས་སླར་ཡང་རང་འགུལ་ངང་ལས་དོན་སྒྲུབ་པར་སྐྱོད་པའི་རེ་བ་ཞུས་ཏེ་རྩ་འཛུགས་ལ་ཆུ་མིག་མཚོའི་རིམ་པ་དང་པོའི་ཞབས་ཞུའི་ས་ཚིགས་སུ་ལས་ཀར་བསྐྱོད་དེ་ཆབ་སྲིད་ཨུ་ཡོན་གྱི་འགན་འཁུར་བའི་རེ་བ་ཞུས་པ་རེད།
  ཆུ་མིག་མཚོ་ཞིབ་བཤེར་ས་ཚིགས་ནི་ཤིན་ཅང་ནས་བོད་དུ་ཡོང་སའི་ས་ཆ་དང་པོ་དེ་རེད། ཞབས་ཞུའི་ས་ཚུགས་བཙུགས་མ་ཐག་པའི་སྐབས་སུ་ལེ་ལག་ཚང་བའི་སྒྲིག་བཀོད་ད་དུང་བསྐྲུན་མེད་པ་དང་། ཕར་འགྲོ་ཚུར་འོང་བྱེད་མཁན་འཁོར་རིགས་ལ་ཞིབ་བཤེར་བྱེད་སྐབས་ཚང་མ་མི་ལ་རྟེན་དགོས་པས། ལས་འགན་ཧ་ཅང་ལྕི་པོ་ཡོད། ཡིན་ནའང་འཁོར་རིགས་འགྲོ་སྐྱོད་བྱེད་རིམ་བཞིན། ཧྲང་ཧའེ་པིན་དེ་གར་ལས་ཀ་བྱེད་ཀྱི་ཡོད། ཧྲང་ཧའེ་པིན་གྱིས་སྣེ་ཁྲིད་དཔེ་སྟོན་དང་གཞན་གྱི་སྔོན་ལ་མཆོང་ཕོད་པའི་ལས་ཀའི་བྱེད་སྟངས་མི་དམངས་ཉེན་རྟོག་པ་གཞན་དག་ཚང་མས་མིག་གིས་མཐོང་བ་དང་། སེམས་ལ་ངེས་ཡོད་ལ། ཞིབ་བཤེར་ས་ཚིགས་ཀྱི་མི་དམངས་ཉེན་རྟོག་པ་ཡོངས་སེམས་ནུས་ཡོད་རྒུས་ལས་ཀར་ཞུགས་པར་སྐུལ་ལྕག་ཐེབས་ཡོད།
  ཡུལ་ཕྱོགས་ཤིག་གི་དུས་བདེ་སྲུང་སྐྱོང་བྱེད་ཆེད། ཧྲང་ཧའེ་པིན་གྱིས་དཀའ་ངལ་དང་དཀའ་སྡུག་སྣ་ཚོགས་ལ་མི་སྐྲག་པར་ལས་འགན་དང་འགན་འཁྲི་ཨང་དང་པོར་བཞག་ཅིང་། “ཕུལ་དུ་བྱུང་བའི་སྤྱི་བདེའི་མི་དམངས་ཉེན་རྟོག་པ་དེ་འདྲ་ང་ཚོས་བརྗེད་མི་སྲིད་ལ། མི་དམངས་ལ་ཞབས་འདེགས་ཞུ་བའི་ཁོང་གི་ལས་ཀའི་སྤྱོད་ཚུལ་ལ་སློབ་སྦྱོང་བྱེད་པ་ནི་ང་ཚོ་མངའ་རིས་རིམ་ཁག་སྤྱི་བདེ་ལས་ཁུངས་ཀྱི་ལས་ཀའི་གཙོ་རྐང་དེ་རེད”ཅེས་ཕུར་བུ་བཀྲ་ཤིས་ཀྱིས་བརྗོད་པ་དང་། ཁོང་གིས་ཧྲང་ཧའེ་པིན་སྐུ་གཤེགས་པར་ཧ་ཅང་ཕང་པོ་བྱེད་ཀྱི་ཡོད་ལ། ཁོང་གི་ལྷག་བསམ་ཟོལ་མེད་དེ་མིག་དཔེའི་སྟོབས་ཤུགས་ལ་གྱུར་པར་བྱས་ནས་མངའ་རིས་ཀྱི་རྒྱ་ཆེའི་སྤྱི་བདེ་མི་དམངས་ཉེན་རྟོག་པས་ཆ་རྐྱེན་ཧ་ཅང་ཞན་པའི་རང་བྱུང་ཁོར་ཡུག་ཏུ་ལས་དོན་ཧུར་ཐག་སྤེལ་ཏེ་མི་དམངས་ཀྱི་ཁམས་བདེ་སྲུང་བར་སྐུལ་ལྕག་དེ་བས་གཏོང་གི་ཡོད།