ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > གསར་ཤོས།

མཐུན་སྒྲིལ་སྡེ་བའི“ཁྲིམས་སྐྱོང་ཁྱམས་རིང”གླེང་བ།

སྤེལ་དུས 2022-11-04 ཡོང་ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། རྩོམ་པ་པོ།
   “མཁས་མཛངས་ལྡན་པའི་གུང་ཁྲན་ཏང་གིས་སྲོལ་ངན་སྤྱོད་ངན་བསྒྱུར་བར་དྲིལ་བསྒྲགས་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། སྔོན་ཆད་ཀྱི་གོམས་སྲོལ་ངན་པའི་དོག་དག་མང་པོ་ཞིག་རྙོག་དྲ་ཧ་ཅང་ཆེ་བ་དང་རྒྱས་སྤྲོས་ཆུད་ཟོས་དེ་ལས་ཆེ་མོད། ད་ལྟ་བསམ་བློར་འགྱུར་ལྡོག་ཕྱིན་པ་དང་། མི་སེར་གྱི་བྱང་ཚད་མཐོ་རུ་ཕྱིན་པས་ཆུད་ཟོས་ཆེ་བའི་སྲོལ་ངན་མང་པོ་སྟབས་ཇེ་བདེ་རུ་བཏང་ཡོད་ཕྱིར། སྤྱི་ཚོགས་ཀྱི་ཤེས་དཔལ་ལ་མདུན་ལམ་ཡངས་པོ་ཡོད་པ་རེད”……
  《གུང་ཁྲན་ཏང་ལ་ཐུགས་རྗེ་ཆེ་ཞུ་བ》ཞེས་པའི་རྒྱའི་མཁས་མཛངས་དཀྲོལ་ལེན་གྱི་སྙན་དབྱངས་ཁྲོད་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བྲག་དཀར་རྫོང་ཆུ་སྔོན་གྲོང་རྡལ་མཐུན་སྒྲིལ་སྡེ་བའི་སྡེ་མི་རྣམས་ཀྱིས་ཉིན་གཅིག་གི་བྲེལ་འཚུབ་གྱི་ཁོམ་གསེང་ནས་གསར་དུ་བསྐྲུན་པའི་ཁྲིམས་སྐྱོང་རིག་གནས་ཀྱི་བར་ཁྱམས་སུ་འཛོམས་ཡོད། 
  སྟོན་དུས་སུ་གནམ་གཤིས་ཇེ་གྲང་དུ་ཕྱིན་རུང་། དུས་ཡུན་རིང་པོ་མ་སོང་བའི་ཁྲིམས་སྐྱོང་རིག་གནས་ཀྱི་བར་ཁྱམས་སུ་ཉིན་ལྟར་འཁྲུག་ཆ་ཧ་ཅང་དོད་པོ་ཡོད། 
  བར་ཁྱམས་སུ་བཅའ་ཁྲིམས་དྲིལ་བསྒྲགས་སྦྱར་ཡིག་དང་། “བརྒྱད་ལྔའི”ཁྲིམས་ལུགས་ཤེས་བྱ་ཁྱབ་གདལ། དམངས་དོན་ཁྲིམས་གཞུང་། རྩ་ཁྲིམས་སོགས་ཀྱི་ནང་དོན་བཀོད་ཡོད་པ་དང་། ཡི་གེ་དང་ཟུར་ཟའི་རི་མོ་གྱི་རྣམ་པའི་ཐོག་ནས་དྲིལ་བསྒྲགས་འགྲེལ་བཤད་དང་མང་ཚོགས་ཀྱི་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་པའི་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་ཤེས་བྱ་དྲིལ་བསྒྲགས་བྱས་ཡོད། དེའི་ནང་ངལ་རྩོལ་རྩོད་གཞི་དང་། གཉེན་སྒྲིག་ཁྱིམ་ཚང་། མི་དམངས་འདུམ་སྒྲིག བཅའ་ཁྲིམས་རོགས་སྐྱོར། ན་སོ་དར་ལ་མ་བབས་པའི་མིར་སྲུང་སྐྱོང་སོགས་ཀྱི་ནང་དོན་ཡོད།
  གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན། ཏང་འཛུགས་སྐྱོང་གི་སྣེ་ཁྲིད་དང་མི་ཚང་མས་བཅའ་ཁྲིམས་གླེང་བ་དེ་ད་ལྟ་མཐུན་སྒྲིལ་སྡེ་བའི་གོམས་སྲོལ་བཟང་པོ་ཞིག་ཏུ་ཆགས་ཡོད། ཁྲིམས་སྐྱོང་རིག་གནས་ཀྱི་བར་ཁྱམས་བསྐྲུན་རྗེས། སྔོན་ཆད་ལྟ་འདོད་མེད་པའི་བཅའ་ཁྲིམས་དོན་ཚན་གྱིས་སྡེ་མི་རྣམས་ལ་ཤ་ཚ་བའི་ཉེན་བརྡ་བཏང་བ་མ་ཟད། མཛེས་དཔྱོད་ཀྱི་དྲོ་བ་རོལ་མྱོང་བྱེད་དུ་བཅུག་པས། དམངས་གཙོ་ཁྲིམས་སྐྱོང་རིག་གནས་ཀྱི་ཁོར་ཡུག་བཟང་པོ་ཞིག་བཏོད་ཡོད་པ་དང་། གནས་འདི་ཡང་ས་དེ་གའི་སྡེ་མིའི་ནངས་ཇ་འཐུང་རྗེས་ངལ་གསོ་ས་དང་བྱ་འགུལ་སྤེལ་ས་ཞིག་ཏུ་གྱུར་ཡོད།
  མཚན་མོ་སླེབས་ཐེངས་རེ་རེར། མཚོ་སྔོན་གྱི་དཀྲོལ་ལེན་ལེན་པའི་རྒན་རྒོན་དང་། ཐང་ཆེན་ཞབས་བྲོ་འཁྲབ་པའི་སྡེ་མི། དེ་བཞིན་ལྒང་ལི་རྒྱག་མཁན་གྱི་གཞོན་ནུ་ལོ་ཆུང་བཅས་འདི་རུ་འཛོམས་ཏེ། ཁོང་ཚོས་རིག་གནས་ཁྱམས་རིང་ལ་ལྟ་ཞོར་དུ་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་ཤེས་བྱ་སློབ་སྦྱོང་བྱས་ཤིང་། རིམ་གྱིས་ཁྲིམས་སྐྱོང་རིག་གནས་ཀྱི་བག་ཆགས་བཟང་པོ་ཐེབས་ནས། རང་ཉིད་ཀྱི་ཁྲིམས་སྐྱོང་འདུ་ཤེས་ཇེ་དྲག་ཏུ་བཏང་བ་དང་། “ཁྲིམས་སྦྱོང་བ་དང་། ཁྲིམས་སྤྱོད་པ། ཁྲིམས་སྲུང་བ། ཁྲིམས་བཀུར་བ”བཅས་ཀྱི་གལ་ཆེའི་རང་བཞིན་རྟོགས་ཤིང་། མི་ཚང་མས་གུས་ཞབས་ལ་སྣང་ཆེན་དང་། སྤྱོད་བཟང་ལ་དང་དོད། གཏམ་སྙན་སྨྲ་བ། སྲི་ཞུ་སྒྲུབ་པ། རྒན་བཀུར་གཞོན་གཅེས་བཅས་ཀྱི་སྤྱི་ཚོགས་ཀྱི་དར་སྲོལ་བཟང་པོ་བསྐྲུན་ཡོད།
  མཐུན་སྒྲིལ་སྡེ་བའི་རུ་ཁག་གཉིས་པའི་བཟའ་ཚང་ཞིག་གི་དབར་རྒྱུན་དུ་ཁྱིམ་ཚང་གི་དོན་དག་ཙག་ཙིག་གི་རྐྱེན་པས་བཟའ་འཁོན་འབྱུང་བཞིན་ཡོད། སྡེ་བའི་འགལ་ཟླ་འདུམ་འགྲིག་ཨུ་ཡོན་ལྷན་ཁང་གིས་འདུམ་འགྲིག་ཐེངས་མང་བྱས་ཀྱང་འབྲས་བུ་མ་ཐོན་པར་བཟའ་ཚང་ཐོར་ལ་ཉེ། རིག་གནས་ཀྱི་ཁྱམས་རིང་བཙུགས་རྗེས། བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཝང་ཞུའེ་མའེ་ཡིས་བཟའ་ཟླ་དེ་གཉིས་རིག་གནས་བར་ཁྱམས་སུ་གདན་ཞུ་བྱས་ནས་འདུམ་འགྲིག་བྱས་པ་དང་། དམངས་དོན་ཁྲིམས་གཞུང་སོགས་འབྲེལ་ཡོད་བཅའ་ཁྲིམས་ཀྱི་ཤེས་བྱར་སློབ་སྦྱོང་བྱེད་དུ་བཅུག འདུམ་འགྲིག་བཅའ་ཁྲིམས་སྤྱད་དེ་འགལ་བ་དང་འབྱུང་གཞི་ཤེས་རྟོགས་བྱས་པ་དང་འབྲེལ་བཟའ་ཟླ་གཉིས་རིག་རྩལ་འཁྲབ་སྟོན་རུ་ཁག་ནང་བཅུག་ནས་དཀྲོལ་ལེན་སློབ་སྦྱོང་བྱས་པས་ཅུང་མ་འགོར་བར་བཟའ་ཚང་མཐུན་པོ་བྱུང་། གཞན་ཡང་མཐུན་སྒྲིལ་སྡེ་བར་འདི་འདྲའི་དཔེ་མཚོན་མི་ཉུང་བ་ཞིག་བྱུང་ཡོད།
  གཞི་རིམ་བཅོས་སྐྱོང་གི་སྲོག་ཤིང་ནི་མི་ཡིན་པ་དང་བཅོས་སྐྱོང་གི་དོན་སྙིང་གཙོ་བོ་ནི་དོན་བྱ་ཡིན། གཞི་རིམ་བཅོས་སྐྱོང་ནི་རྒྱལ་ཁབ་བཅོས་སྐྱོང་གི“མཐའ་མའི་སྤྱི་ལེ་གཅིག”ཡིན་ལ། མི་དམངས་མང་ཚོགས་ཀྱིས་སྤྱི་པའི་ཞབས་ཞུའི་ཕན་ནུས་དང་དྲོད་ཚད་ཤེས་ཚོར་བྱེད་པའི“དབང་རྩའི་སྣེ་མོ”ཡང་ཡིན། མིག་སྔར། ཆུ་སྔོན་གྲོང་རྡལ་མཐུན་སྒྲིལ་སྡེ་བར་ཆ་བཞག་ན། ཐག་རིང་ལུང་ཁུག་དང་འཕེལ་རྒྱས་ཞན་པ་སོགས་ཀྱི་རྒྱུ་རྐྱེན་གྱིས་རྐྱེན་པས་འགལ་ཟླ་དང་རྩོད་གཞི། སྤྱི་ཚོགས་བདེ་འཇགས་ཁོར་ཡུག་རྙོག་འཛིང་ཆེ་རུ་ཕྱིན་པ་དང་། ཞིང་སྡེའི་བཅའ་ཁྲིམས་ཞབས་ཞུ་མ་ལག་ཆ་ཚང་བར་སྤེལ་ཐུབ་མེད་པས། མང་ཚོགས་ཀྱིས་བཅའ་ཁྲིམས་ཤེས་པ་དང་བེད་སྤྱོད་བྱེད་པའི་ཐད་ད་དུང་ཧེ་བག་ངེས་ཅན་ཞིག་ཡོད། དེར་བརྟེན། ཁྲིམས་སྐྱོང་ཁྱམས་རིང་གིས་མང་ཚོགས་ཀྱི་ཚོར་སྣང་དང་དགོས་མཁོར་དམིགས་པ་དང་། ཁྲིམས་སྐྱོང་དྲིལ་བསྒྲགས་དང་། བཅའ་ཁྲིམས་ཀྱི་ཞབས་ཞུ། སྣ་མང་འདུམ་གཅོད་བཅས་བྱ་རྒྱུ་དམ་འཛིན་བྱེད་སར་བྱས་ཏེ། མང་ཚོགས་ཀྱི་གནད་དོན་ཐག་གཅོད་དང་མང་ཚོགས་ཀྱི་འགལ་བ་སེལ་བར་བྱས་ཡོད།
  “ཁྱིམ་མཚེས་བར་གྱི་རྩོད་གཞི་དང་སྒོ་ཕྱི་ལ་སོང་ན་བཅའ་ཁྲིམས་མི་ཤེས་པས་མང་ཚོགས་ལ་གྱོང་གུན་གང་མང་ཕོག་མྱོང་། ད་ཆ་གནད་དོན་དེ་ཐག་གཅོད་ཐུབ་ཡོད་པ་དེ། སྡེ་བའི་ནང་གང་སར་བཅའ་ཁྲིམས་ཀྱི་ཤེས་བྱས་ཁྱབ་ཡོད་ཅིང་། རྒན་རྒོན་ཚོའི་མཁས་བསྟོད་མཛངས་བསྔགས་ཀྱི་དཀྲོལ་ལེན་ལ་བརྟེན་ནས་གནས་ལུགས་མང་པོ་ཤེས་ཀྱིན་ཡོད། ཁྱིམ་མཚེས་བར་གྱི་འབྲེལ་བ་ཇེ་ལེགས་སུ་ཕྱིན་པ་དང་འགལ་ཟླ་དང་རྩོད་གཞི་ཉུང་དུ་ཕྱིན་ཡོད། ཕྱི་ཕྱོགས་སུ་ལས་ཀ་བྱེད་པར་བསྐྱོད་སྐབས་ཐོག་མར་ངལ་ལས་གན་རྒྱ་འཇོག་རྒྱུ་ཤེས་ཀྱིན་ཡོད། དེ་ནི་ང་ཚོའི་འཚོ་བ་ཡག་པོ་སྐྱེལ་རྒྱུའི་འགན་ལེན་ཆེ་ཤོས་དེ་རེད”ཅེས་སྡེ་མི་ཧྲི་གོ་ཁྲུན་གྱིས་མྱོང་ཚོར་ཟབ་མོའི་སྒོ་ནས་བཤད།།