ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > འགྲོ་ལུགས་སྒྲུབ་སྟངས།

དྲ་ཐོག་མགོ་སྐོར་གཏོང་མཁན་ཁྲི་3ལྷག་བཟུང་འདུག

སྤེལ་དུས 2023-11-23 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།

       འབར་མའི་བྱང་རྒྱུད་ཀྱི་རང་རྒྱལ་དང་འབྲེལ་བ་ཡོད་པའི་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཉེས་གསོག་གི་དུས་བབ་ཛ་དྲག་ལ་དམིགས་ཏེ། སྤྱི་བདེ་པུས་ཡུན་ནན་སོགས་ས་ཁུལ་གྱི་སྤྱི་བདེ་ལས་ཁུངས་བཀོད་སྒྲིག་བྱས་ཏེ་མཐའ་མཚམས་ཉེན་དོན་ཁྲིམས་འཛིན་མཉམ་ལས་ལ་མུ་མཐུད་སྐུལ་འདེད་བཏང་བ་དང་། རེས་སྐོར་མང་པོའི་རྡུང་རྡེག་གཏོང་བའི་བྱ་སྤྱོད་བསྟུད་མར་སྤེལ་བས། མིག་སྔའི་བར། འབར་མའི་བྱང་རྒྱུད་ཀྱི་འབྲེལ་ཡོད་ས་གནས་ཁྲིམས་འཛིན་སྡེ་ཚན་གྱིས་ཁྱོན་རང་རྒྱལ་ལ་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཉེས་བསགས་དོགས་ཡོད་མི་སྣ་ཁྲི་3.1རྩིས་སྤྲད་པ་དང་། དེའི་ནང་། རྒྱབ་ཕྱོགས་ཀྱི་“མ་དངུལ་མཇོག་མཁན”དང་། རྩ་འཛུགས་ཀྱི་འགོ་པ། རྐང་འཛིན་པ་63བཅས་དང་། དྲ་ཐོག་ཏུ་བྲོས་བྱོལ་དུ་ཕྱིན་པའི་མི་1531ཚུད་ཡོད་ལ། རྡུང་རྡེག་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་པ་རེད། 

       ད་ལོའི་ཟླ་9པ་ནས་བཟུང་། སྤྱི་བདེ་པུའུ་དང་ཡུན་ནན་ཞིང་ཆེན་སྤྱི་བདེ་ཐིང་གི་བཀོད་འདོམས་བཀོད་སྒྲིག་འོག ཞི་ཧྲོང་པན་ནཱ་དང་། ཕུའུ་ཨེར།ལིན་ཚང་སོགས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་འབར་མའི་འབྲེལ་ཡོད་ས་གནས་ཀྱི་ཁྲིམས་འཛིན་སྡེ་ཚན་དང་མཐའ་མཚམས་ཀྱི་ཉེན་དོན་ཁྲིམས་འཛིན་མཉམ་ལས་བྱས་ནས། རྡུང་རྡེག་བྱ་སྤྱོད་རབ་དང་རིམ་པ་སྤེལ་བ་དང་། གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཉེས་བསགས་དོགས་ཡོད་མི་སྣ་འབོར་ཆེན་ཞིག་གིས་སྔ་རྗེས་སུ་རང་ཕྱོགས་ལ་རྩིས་སྤྲད་པར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། ཟླ་11པར་སླེབས་རྗེས། རྡུང་རྡེག་གཏོང་བའི་བྱ་སྤྱོད་ལ་སྐུལ་འདེད་གཏིང་ཟབ་གཏོང་ཆེད། རང་རེའི་སྤྱི་བདེ་ལས་ཁུངས་ཀྱིས་ཀྲུང་གོ་དང་འབར་མའི་ཉེན་དོན་ཁྲིམས་འཛིན་མཉམ་ལས་སྔར་བས་གཏིང་ཟབ་ཏུ་བཏང་སྟེ། འབར་མའི་བྱང་རྒྱུད་ཀྱི་གློག་འཕྲིན་དང་དྲ་རྒྱའི་ཁ་བསླུས་ཉེས་གསོག་ལ་ཕར་རྒོལ་ཤུགས་ཆེན་བྱས་པར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་། རྒྱལ་ཁའི་གཏམ་བཟང་བསྟུན་མར་གྲགས་ཡོད། རང་རྒྱལ་སྤྱི་བདེ་ལས་ཁུངས་ཀྱིས་ཡོངས་བསྒྲགས་ཐོག་འཛིན་བཟུང་བཀའ་རྒྱ་བཀྲམ་པའི་འབར་མའི་བྱང་རྒྱུད་ཀྱི་ཀུའོ་ཀན་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཉེས་གསོག་ཚོགས་པའི་འགོ་གཙོ་མིང་གོ་ཕིང་དང་། མིང་ཅུས་ལན། མིང་ཀྲེན་ཀྲེན་བཅས་འཛིན་བཟུང་ཐུབ་ནས་ཁྲིམས་ལ་སྦྱར་བ་དང་། ཉེས་ཅན་གཏེ་པོ་མིང་ཞུའེ་ཁྲང་ཁྲིམས་གཡོལ་སྲོག་ལྕེབས་བྱས་པ། རྒྱལ་ཁོངས་ཕྱིའི་ཁ་བསླུས་རྒྱག་མཁན་གབ་སའི་ནག་ཚང་འབོར་ཆེན་ཞིག་གཙང་སེལ་ཐུབ་ནས། ཧམ་ཤེད་ཚ་བའི་རྒྱལ་ཁོངས་ཕྱིའི་ཁ་བསླུས་རྒྱག་མཁན་ཚོགས་པ་གཉའ་སྒུར་དུ་བཅུག་ཡོད། ཟླ་11ཚེས་18ཉིན། ཏེ་ཧུང་སྤྱི་བདེ་ལས་ཁུངས་ཀྱི་མཐའ་མཚམས་ཉེན་དོན་ཁྲིམས་འཛིན་མཉམ་ལས་ལ་ཚད་བརྒལ་གལ་ཆེན་བྱུང་བ་དང་། འབར་མའི་བྱང་རྒྱུད་མུའུ་ཅེ་ས་ཁུལ་གྱི་ཁྲིམས་འཛིན་སྡེ་ཚན་གྱིས་གློག་འཕྲིན་དང་དྲ་རྒྱའི་ཁ་བསླུས་ཉེས་བསགས་དོགས་ཡོད་མི་སྣ་571གཅིག་རྗེས་གཉིས་མཐུད་ངང་རང་ཕྱོགས་ལ་རྩིས་སྤྲད་ནས། ཁ་བསླུས་རྒྱག་མཁན་ལ་ཟིལ་གནོན་ཆེན་པོ་བྱས་ཡོད། མིག་སྔའི་བར། འབར་མ་ཕྱོགས་ཀྱི་གཞོགས་འདེགས་ཤུགས་ཆེན་འོག རིམ་རྩིས་བྱས་ན་གློག་འཕྲིན་དང་དྲ་རྒྱའི་ཁ་བསླུས་ཉེས་བསགས་དོགས་ཡོད་མི་སྣ་ཁྲི་3.1ཀྲུང་གོ་ཕྱོགས་ལ་རྩིས་སྤྲད་པ་དང་འབྲེལ། གྱོད་འབྲེལ་ས་ཁུལ་གྱི་སྤྱི་བདེ་ལས་ཁུངས་ཀྱིས་སྔ་རྗེས་སུ་འཛིན་བཟུང་བྱས་པ་རེད། སྤྱི་བདེ་ལས་ཁུངས་ཀྱིས་ཁོང་ཚོའི་ཁྲིམས་འགལ་ཉེས་གསོག་གི་དོན་དངོས་ཚང་མར་ཞིབ་བཤེར་མཐར་ཕྱིན་བྱ་རྒྱུ་མ་ཟད། ཁྲིམས་ལྟར་ཆད་པ་ནན་པོ་གཅོད་རྒྱུ་ཡིན་པ་རེད། 

       སྤྱི་བདེ་ལས་ཁུངས་ཀྱི་འབྲེལ་ཡོད་འགན་འཁུར་བས། འབར་མའི་བྱང་རྒྱུད་ཀྱི་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཉེས་གསོག་ཚོགས་པར་རྡུང་རྡེག་ཚ་ནན་གཏོང་བའི་རྣམ་པ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་པ་དང་། ཀྲུང་གོ་དང་འབར་མའི་མཐའ་མཚམས་ཀྱི་ཉེན་རྟོག་ལས་དོན་གྱི་ཁྲིམས་འཛིན་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་བ། ཆེད་དོན་རྡུང་རྡེག་བྱ་སྤྱོད་མུ་མཐུད་སྒྲིག་འཛུགས་བྱེད་པ། ཁ་བསླུས་རྒྱག་མཁན་གྱི་ངན་ཚང་ནུས་ཤུགས་ཡོད་རྒུས་གཙང་སེལ་བྱེད་པ། ཁ་བསླུས་རྒྱག་མཁན་ཁྲིམས་ལྟར་འཛིན་བཟུང་བཅས་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་དང་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་རྒྱུ་དང་། མཐའ་མཚམས་ཀྱི་བདེ་འཇགས་དང་བརྟན་ལྷིང་ལ་སྲུང་སྐྱོང་ཏན་ཏིག་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད། 

རྩོམ་སྒྲིག་པ། མང་ག་མཚོ།