ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > འགྲོ་ལུགས་སྒྲུབ་སྟངས།

རང་ལྗོངས་ཀྱིས་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཀྱི་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་དང་བཅོས་སྒྲིག་ནན་པོ་བྱས་པ།

སྤེལ་དུས 2023-12-05 ཡོང་ཁུངས། ཀྲུངགོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།

            ཉེ་ཆར། རང་སྐྱོང་ལྗོངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཏེ། འདི་ལོ་རང་ལྗོངས་ཀྱིས་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཀྱི་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་དང་བཅོས་སྒྲིག་ལས་དོན་གྱི་འབྲེལ་ཡོད་བྱ་ཐབས་དང་དེ་བཞིན་ཐོབ་པའི་གྲུབ་འབྲས་ངོ་སྤྲོད་བྱས་པ་རེད།
            འདི་ལོ། ལྗོངས་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཀྱི་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་དང་བཅོས་སྒྲིག་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དང་དོན་འཁྱོལ་གཏིང་ཟབ་བྱས་ཏེ་ནུས་ཤུགས་ཡོད་རྒུས་གྱོད་གཞི་ཚབས་ཆེན་འགག་སྒྲོལ་དང་ཐོན་མང་བའི་རིགས་ཀྱི་གྱོད་གཞི་མཉམ་དུ་ཐག་གཅོད་བྱས་པ་དང་། ལྷག་པར་དུ་གྱོང་གུན་ཅུང་ཆེ་བའི་གློག་འཕྲིན་དྲ་རྒྱའི་ཁ་བསླུས་གྱོད་གཞིར་དམིགས་ནས་སྒྲུབ་སྐུལ་དང་གཅིག་སྡུད་འགག་སྒྲོལ་བྱས་ཏེ། མྱུལ་ཞིབ་དང་རྡུང་རྡེག་ལས་དོན་ཁྲིམས་ལྟར་ཤུགས་ཆེན་སྤེལ་བ་རེད། འདི་ལོ་ལྗོངས་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་གློག་འཕྲིན་དྲ་རྒྱའི་ཁ་བསླུས་གྱོད་གཞི་776རྩད་ཆོད་པ་དང་ཉེས་གསོག་དོགས་ཅན་674འཛིན་བཟུང་བྱས་ནས། གྱོང་གུན་སྒོར་ཁྲི་4197.12མི་ཕོག་པ་བྱས་པ་དང་། གྱོད་འབྲེལ་མ་དངུལ་སྒོར་དུང་ཕྱུར་3.38བསྡམས་བཅད་བྱས་པ་རེད།
            གྲོང་ཁྱེར་དང་ས་ཁུལ་ཁག་གིས་ཉེན་ཟོན་སྔོན་བརྡ་དང་བཀག་སྡོམ་བསླབ་བྱ་བྱེད་པའི་ལས་དོན་གྱི་ལམ་སྲོལ་དང་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་བ་དང་། གྲངས་གཞི་ཆེན་པོའི་ཐོན་ཁུངས་སྤྱད་དེ་ཉེན་ཟོན་སྔོན་བརྡའི་ཆ་འཕྲིན་ཤེས་རྟོགས་ཀྱི་ནུས་པ་ཟམ་མི་ཆད་པར་ཆེ་རུ་གཏོང་བ། མ་དངུལ་གྱི་ཉེན་ཟོན་སྔོན་བརྡའི་ཁུངས་སྣེར་འཕྲལ་མར་རིགས་དབྱེ་རིམ་དབྱེ་གནད་འཁེལ་གྱིས་བཀག་སྡོམ་བསླབ་བྱ་བཅས་བྱས་ནས། ཉེན་ཟོན་སྔོན་བརྡའི་ཁུངས་སྣེ་རེ་རེ་བཞིན་དོན་འཁྱོལ་དང་རྩད་ཆོད་པའི་འགན་ལེན་བྱས་པ་མ་ཟད། དུས་ཐོག་ཏུ་གནོད་འཚེ་ཕོག་མཁན་གྱི་དངུལ་ཁང་གཱ་ལ་གནས་སྐབས་སྲུང་སྐྱོང་རང་བཞིན་གྱི་སྤྲོད་མཚམས་འཇོག་པའི་བྱ་ཐབས་སྤྱད་དེ་ནུས་ཤུགས་ཡོད་རྒུས་གྱོད་གཞི་ཐོན་ཚད་ཉུང་དུ་བཏང་ཡོད། ལྷག་པར་དུ་འདི་ལོ་སྲུང་སྐྱོང་རང་བཞིན་གྱི་སྤྲོད་མཚམས་འཇོག་པའི་ལས་དོན་སྤེལ་ཚུན། ལྗོངས་ཡོངས་ཀྱི་སྲུང་སྐྱོང་རང་བཞིན་གྱི་སྤྲོད་མཚམས་འཇོག་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད། མིག་སྔའི་བར། ལྗོངས་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་ཁྱོན་མི་ཐེངས་ཁྲི་51.49ལ་ཉེན་ཟོན་སྔོན་བརྡ་བཏང་བ་དང་བཀག་སྡོམ་བསླབ་བྱ་བྱས་པ་དུས་མཚུངས་ལས་67.05%འཕར་བ་དང་། མ་དངུལ་སྒོར་ཁྲི་3727.65ཡིས་གྱོང་གུན་མི་ཕོག་པ་བྱས་པ་དུས་མཚུངས་ལས་སྒོར་ཁྲི་3322.08ལྷག་ཙམ་འཕར་ཡོད། ཉེན་ཟོན་སྔོན་བརྡ་གཏོང་བ་དང་བཀག་སྡོམ་བསླབ་བྱའི་ལས་དོན་ཁྲོད། རང་ལྗོངས་ཀྱི་སྤྱི་བདེ་མི་དམངས་ཉེན་རྟོག་པ་དང་ལས་རོགས་ཉེན་རྟོག་པ་15ལ་སྤྱི་བདེ་པུས་བརྡ་ཁྱབ་བཏང་ནས་བསྔགས་བརྗོད་བྱས་ཤིང་། དེའི་ནང་མི་དམངས་ཉེན་རྟོག་པ་དང་ལས་རོགས་ཉེན་རྟོག་པ་5ལ་རང་སྐྱོང་ལྗོངས་སྤྱི་བདེ་ཐིང་གིས་གཟེངས་བསྟོད་བྱ་དགའ་སྤྲད་པ་རེད།
            དེ་དང་ཆབས་ཅིག རང་སྐྱོང་ལྗོངས་སྤྱི་བདེ་ཐིང་གིས་ཀྲུང་གོ་མི་དམངས་དངུལ་ཁང་བོད་རང་སྐྱོང་ལྗོངས་ཡན་ལག་དངུལ་ཁང་དང་རང་སྐྱོང་ལྗོངས་འཕྲིན་གཏོང་དོ་དམ་ཅུས་སོགས་ཁོངས་མིའི་ཚན་པ་26དང་འབྲེལ་གཏུག་དང་། མཐུན་སྦྱོར། མཉམ་ལས་བཅས་བྱེད་ཤུགས་ཆེ་རུ་ཧུར་ཐག་བཏང་ནས་ཕྱོགས་བསྡུས་བཅོས་སྐྱོང་དང་ཉེན་ཁ་སྔོན་འགོག་དང་ཚོད་འཛིན་བྱེད་ཤུགས་སྔར་བས་ཆེ་རུ་བཏང་སྟེ། འབྱུང་རྩ་ནས་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཀྱི་ཉེས་གསོག་ལ་ནུས་ཤུགས་ཡོད་རྒུས་འགོག་ཟོན་བྱས་ཡོད། འདི་ལོ་ཁ་བསླུས་དང་འབྲེལ་བའི་APPཁྱོན་ཁྲི་13.7ལྷག་ཙམ་ཐག་གཅོད་བྱས་པ་དང་། ཁ་བསླུས་དང་འབྲེལ་བའི་ཁ་པར་ཐེངས་ཁྲི་412.3ལྷག་ཙམ་བཀག་པ། ཁ་བསླུས་དང་འབྲེལ་བའི་དྲ་རྒྱའི་ཁོངས་མིང་དང་དྲ་ཚུགས་ཁྲི་321.7ལྷག་ཙམ་བཀག་པ་བཅས་རེད།

རྩོམ་སྒྲིག་པ། མང་ག་མཚོ།