ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > བཅའ་ཁྲིམས་ཁྲིམས་སྲོལ།

མཚོ་སྔོན་གྱི་འགོ་ཁྲིད་འདིར་ལོ13རིང་བཙོན་དུ་འཇུག་པའི་ཁྲིམས་ཆད་་་

སྤེལ་དུས 2022-01-18 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
          སྤྱི་ཟླ་1ཚེས་14ཉིན། ཟི་ལིང་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཁྲིམས་ལྟར་ཟི་ལིང་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་གཞུང་ཕྱོགས་སུ་ཁྲིམས་སྦྱོར་བྱས་པའི་དེ་སྔའི་སྲིད་གྲོས་སྐབས་བཅུ་གཉིས་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་སྤྱི་ཚོགས་དང་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ། སྔོན་མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིང་གི་ཏང་ཨུའི་ཨུ་ཡོན། ཐིང་ཀྲང་གཞོན་པ་པའེ་ཧྲི་ཏེས་ལྐོག་ཟ་དང་། ལྐོག་རྔན་ལེན་པ། ཁྲིམས་འགལ་གྱིས་རྫས་མདེལ་ཉར་བ་བཅས་ཀྱི་གྱོད་གཞིར་འདྲི་གཅོད་ཐེངས་དང་པོའི་དཔྱད་མཚམས་བཏང་། ཞུ་གཏུག་འཁེལ་མི་པའེ་ཧྲི་ཏེས་ལྐོག་ཟའི་བྱས་ཉེས་དང་། ལྐོག་རྔན་ལེན་པའི་བྱས་ཉེས།ཁྲིམས་འགལ་གྱིས་རྫས་མདེལ་ཉར་པའི་བྱས་ཉེས་བཅས་བསགས་པར་ཉེས་མང་སྡེབ་གཅོད་བྱས་ནས་དུས་བཙོན་ལོ་བཅུ་གསུམ་ལག་ལེན་བསྟར་རྒྱུ་དང་མི་དམངས་ཤོག་སྒོར་འབུམ་ཕྲག་བརྒྱད་ཀྱི་དངུལ་ཆད་བཅད་པ་དང་། པའེ་ཧྲི་ཏེས་ལྐོག་ཟ་དང་ལྐོག་རྔན་བླངས་ནས་ཐོབ་པའི་རྒྱུ་ནོར་བདའ་འདེད་བྱས་ཏེ་རྒྱལ་མཛོད་ལ་སྤྲོད་དགོས་པའི་ཆད་པ་བཅད།

          ཁྲིམས་ཁང་གིས་ཞིབ་གཅོད་བྱས་དོན། སྤྱི་ལོ་2013ལོའི་ཟླ་4པ་ནས་ཟླ་8པའི་བར།ཞུ་གཏུག་འཁེལ་མི་པའེ་ཧྲི་ཏེས་མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིང་འགྲིམ་འགྲུལ་ཉེན་རྟོག་སྤྱི་ཁྱབ་རུ་ཁག་གི་སྤྱིའི་རུ་དཔོན་གྱི་གོ་གནས་ཀྱི་སྟབས་བདེ་སྤྱད་དེ།གཞུང་དངུལ་སྒོར་ཁྲི་40ལྐོག་ཟ་བྱས་པ་དང་། སྤྱི་ལོ་2011ལོ་ནས་སྤྱི་ལོ་2019ལོ་བར་ཞུ་གཏུག་འཁེལ་མི་པའེ་ཧྲི་ཏེས་མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིང་འགྲིམ་འགྲུལ་ཉེན་རྟོག་སྤྱི་ཁྱབ་རུ་ཁག་གི་སྤྱི་ཁྱབ་རུ་དཔོན་དང་མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིང་གི་ཐིང་ཀྲང་གཞོན་པའི་གོ་གནས་ཀྱི་སྟབས་བདེ་སྤྱད་དེ།འབྲེལ་ཡོད་ལས་ཁུངས་དང་མི་སྒེར་ལ་ཆ་འཕྲིན་ཅན་འཛུགས་སྐྲུན་དང་། དམིགས་བསལ་གྱི་རླངས་འཁོར་ཉོ་སྒྲུབ།གོ་གནས་སྤར་བ་སོགས་ཀྱི་ཐད་ལ་རོགས་རམ་བྱས་ཏེ། ཁྲིམས་འགལ་ངང་མི་གཞན་ལས་སྒོར་ས་ཡ6.69ལྷག་གི་རིན་གྱི་རྒྱུ་ནོར་བླངས་པ། སྤྱི་ལོ་2019ལོའི་ཟླ་11ཚེས་2ཉིན་གྱོད་གཞི་སྒྲུབ་གཉེར་ལས་ཁུངས་ཀྱིས་ཟི་ལིང་གྲོང་ཁྱེར་གྲོང་ནུབ་ཁུལ་དུ་ཡོད་པའི་པའེ་ཧྲི་ཏེའི་སྡོད་གནས་ཁྲིམས་ལྟར་ཞིབ་བཤེར་བྱེད་སྐབས་ཁྲིམས་ལྟར་དམག་སྤྱོད་མདེའུ་26བཙན་ཉར་བྱས་པ་རེད།   
           ཟི་ལིང་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་རྒྱུས་ལོན་བྱུང་བ་ལྟར་ན། ཞུ་གཏུག་འཁེལ་མི་པའེ་ཧྲི་ཏེ་ནི་རྒྱལ་ཁབ་ཀྱི་ལས་བྱེད་མི་སྣ་ཞིག་ཡིན་པའི་ཆ་ནས། གོ་གནས་ཀྱི་སྟབས་བདེ་སྤྱད་དེ་མི་སྒེར་རམ་ཡང་ན་མི་གཞན་དང་མཉམ་དུ་གཞུང་དངུལ་གྲངས་འབོར་ཧ་ཅང་ཆེན་པོ་ཧམ་ལེན་བྱས་ཡོད་པ་དང་བྱ་སྤྱོད་དེས་ལྐོག་ཟའི་བྱས་ཉེས་གྲུབ། རང་ཉིད་ཀྱི་འགན་དབང་སྤྱོད་པའམ་ཡང་ན་གོ་གནས་ལས་བྱུང་བའི་སྟབས་བདེའི་ཆ་རྐྱེན་བེད་སྤྱད་དེ།རྒྱལ་ཁབ་ཀྱི་ལས་བྱེད་མི་སྣ་གཞན་གྱི་གོ་གནས་ཐོག་གི་བྱ་སྤྱོད་ལ་བརྟེན་ནས།མངག་བཅོལ་བྱེད་མཁན་གྱི་ས་ནས་ཚུལ་དང་མི་མཐུན་པའི་ཁེ་ཕན་རག་ཐབས་བྱས་ཡོད་པ་སྟེ།སྔ་རྗེས་སུ་ལས་ཁུངས་དང་མི་སྒེར་གྱི་རྒྱུ་ནོར་ཐེངས་མང་དུ་བླངས་ཤིང་།དེའི་གྲངས་འབོར་ཧ་ཅང་ཆེ་བས་ལྐོག་རྔན་ལེན་པའི་བྱས་ཉེས་གྲུབ་ཡོད། ཁྲིམས་འགལ་གྱིས་རྫས་མདེལ་ཉར་ཚགས་བྱས་ཡོད་པའི་བྱ་སྤྱོད་དེས་ཁྲིམས་འགལ་གྱིས་རྫས་མདེལ་ཉར་བའི་བྱས་ཉེས་གྲུབ་ཡོད་དེ། བྱས་ཉེས་དུ་མ་བསགས་པར་ཉེས་མང་སྡེབ་གཅོད་བྱ་འོས། པའེ་ཧྲི་ཏེ་ཡིས་གྱོད་གཞི་ཐག་གཅོད་བྱེད་མཁན་ལས་ཁུངས་ཀྱིས་རྒྱུས་ལོན་བྱུང་མེད་པའི་ལྐོག་རྔན་བླངས་པའི་ཉེས་གསོག་གི་དོན་དངོས་ཁག་གཅིག་རང་འགུལ་ངང་ངོས་ལེན་བྱས་ཤིང་། རྒྱུ་རྔན་ཟ་ལེན་གྱི་དོན་དངོས་གཞན་དག་ཇི་མ་ཇི་བཞིན་དུ་ངོས་ལེན་བྱས་པ་དང་། ནག་ཉེས་ངོས་ལེན་དང་བྱས་ཉེས་བསགས་པར་འགྱོད་པ་སྐྱེས་པ། ལྐོག་ཟ་དང་ལྐོག་རྔན་བླངས་བའི་དངུལ་ཕྱིར་སློག་ལ་ཧུར་ཐག་བྱས་པ་མ་ཟད། འབྲེལ་ཡོད་ཀྱི་དངུལ་སྒོར་ཚང་མ་ཕྱིར་སློག་བྱས་ཟིན་པས། ཁྲིམས་ལྟར་ཉེས་ཆད་ཡང་བཟོས་བཏང་ཆོག ཁྲིམས་ཁང་གིས་ཁྲིམས་ལྟར་གོང་གི་དཔྱད་མཚམས་བཏང་ཡོད།
རྩོམ་སྒྲིག་པ། བདེ་སྒྲོན།