ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > བཅའ་ཁྲིམས་ཁྲིམས་སྲོལ།

འདམ་ར་སྲུང་སྐྱོབ་བཅའ་ཁྲིམས་ལག་བསྟར་བྱས་པས།

སྤེལ་དུས 2023-10-25 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་ རྩོམ་པ་པོ།

           འདམ་ར་སྲུང་སྐྱོབ་བཅའ་ཁྲིམས་ནི་རང་རྒྱལ་གྱི་འདམ་རར་ཆེད་དུ་སྲུང་སྐྱོབ་བྱེད་པའི་བཅའ་ཁྲིམས་ཐོག་མ་དེ་ཡིན་པ་དང་། སྤྱི་ལོ་2022ལོའི་ཟླ་བ་6ཚེས་1ཉིན་དངོས་སུ་ལག་བསྟར་བྱེད་འགོ་ཚུགས་ཡོད། འདམ་ར་སྲུང་སྐྱོབ་བཅའ་ཁྲིམས་ལག་བསྟར་བྱས་ནས་ལོ་གཅིག་ལྷག་སོང་རིང་། ཕན་འབྲས་གང་འདྲ་ཐོན་ཡོད་དམ་ཞེ་ན།

           ཚེས་21ཉིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཁྲིམས་བསྟར་ཞིབ་བཤེར་ཚོ་ཆུང་གིས་འདམ་ར་སྲུང་སྐྱོབ་བཅའ་ཁྲིམས་ལག་བསྟར་བྱས་ཚུལ་སྐོར་གྱི་སྙན་ཞུར་སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དྲུག་པའི་ཐོག་གྲོས་ཞིབ་བྱ་རྒྱུར་གོང་འབུལ་ཞུས་ཡོད།

           

            འདམ་ར་སྲུང་སྐྱོབ་བཅའ་ཁྲིམས་ལག་བསྟར་བྱས་རྗེས། རང་རྒྱལ་གྱིས་རྒྱལ་སྤྱིའི་གཙོ་གནད་འདམ་ར་18གསར་སྣོན་བྱས་པས་ཁྱོན་གཙོ་གནད་འདམ་ར་82ཟིན་པ་དང་། རྒྱལ་ཁབ་ཀྱི་གཙོ་གནད་འདམ་ར་29ཟིན་པ། ཞིང་ཆེན་རིམ་པའི་གཙོ་གནད་འདམ་ར་92གསར་སྣོན་བྱས་པས་ཁྱོན་ཞིང་ཆེན་རིམ་པའི་གཙོ་གནད་འདམ་ར་1090ཟིན་ཡོད་པ་རེད།

            རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་ཚན་པས་རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱས་པའི་རང་བྱུང་སྲུང་སྐྱོབ་ས་ཆའི་མ་ལག་སྐྲུན་མགྱོགས་སུ་བཏང་སྟེ། གཙོ་གནད་འདམ་ར་འབྱུང་ཁམས་སྲུང་སྐྱོབ་ཀྱི་དམར་ཐིག་ནང་བཅུག་པ་དང་། འདམ་རའི་བར་ཁམས་དང་སྤྱོད་གོ་གཉིས་ལ་དོ་དམ་ཚོད་འཛིན་བྱེད་ཚད་དམ་དུ་བཏང་བ། དུས་མཚུངས་སུ་ས་གནས་ཁག་དང་ཚན་པ་ཁག་གིས་གཙོ་གནད་ཆུ་རྟེན་སྲོག་ཆགས་དང་སྐྱེ་དངོས་ལ་སྲུང་སྐྱོབ་བྱེད་པའི་ཆུ་ཚད་མཐོ་རུ་བཏང་ནས་འདམ་རའི་ཆུ་རྟེན་སྲོག་ཆགས་དང་སྐྱེ་དངོས་ཐོན་ཁུངས་གསོ་སྐྱོང་བྱ་རྒྱུར་སྐུལ་འདེད་བཏང་ཡོད། མིག་སྔར། རང་རྒྱལ་གྱིས་འདམ་རའི་རིགས་ཀྱི་རང་བྱུང་སྲུང་སྐྱོབ་ཁུལ་ཁྱོན་600དང་། རྒྱལ་ཁབ་འདམ་རའི་སྤྱི་གླིང་900བཙུགས་ཡོད། འབྲི་ཆུའི་འདམ་རའི་སྐྱེ་ཁམས་སྲུང་སྐྱོབ་ཐད་ཕན་འབྲས་མངོན་གསལ་དོད་པོ་བྱུང་བ་དང་། མཚོ་ཕག་གི་ཁྱུ་ཚོགས་གྲངས་འབོར་ཡང་མངོན་གསལ་དོད་པོས་མང་དུ་སོང་ནས་ཁྱོན་མགོ་གྲངས་1249ཟིན་ཡོད་པ་རེད།

              ཤེས་རྟོགས་བྱུང་བ་ལྟར་ན། རང་བྱུང་སླར་གསོ་གཙོ་བོར་འཛིན་པ་དང་། རང་བྱུང་སླར་གསོ་དང་མི་ཐབས་ཉམས་གསོ་ཟུང་འབྲེལ་གྱི་ཐབས་ལམ་སྤྱད་དེ་རང་རྒྱལ་གྱིས་གསར་དུ་སྣོན་པ་དང་ཉམས་གསོ་བྱས་པའི་འདམ་རའི་རྒྱ་ཁྱོན་དེ་སྤྱི་ཆིངས་ཁྲི་80ལྷག་ཟིན་པ་དང་། འདམ་རའི་སྐྱེ་དངོས་སྣ་མང་རང་བཞིན་ཡང་རིམ་གྱིས་སླར་གསོ་བྱུང་བས་མ་ཚད་རྒྱལ་ཡོངས་ཀྱི་གཙོ་གནད་འདམ་རའི་སྐྱེ་ཁམས་གནས་སྟངས་ལའང་ལེགས་བཅོས་ཆེན་པོ་བྱུང་ཡོད་པ་རེད།

 རྩོམ་སྒྲིག་པ། མང་ག་མཚོ།